༸གོང་ས་མཆོག་སུད་ཌེན་དུ་ཆིབས་བསྒྱུར་བསྐྱངས་བ།
2011.04.16
༄༅༎ཕྱི་ཟླ་བཞི་པའི་ཚེས་༡༥ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་རྒྱལ་ཁབ་སུད་ཌེན་གྱི་རྒྱལ་ས་སི་ཀྲོཀ་ཧོམ་དུ་ཞབས་སོར་འཁོད་དེ་རྒྱལ་ས་སི་ཀྲོཀ་ཧོམ་དང་ལནདྲ་ས་གནས་ཁག་གཉིས་ནང་བཞུགས་ཞག་གསུམ་རིང་མཛད་འཕྲིན་རྒྱ་ཆེ་སྐྱོང་གནང་མཛད་བཞིན་པ་དང་ ཕྱི་ཚེས་༡༥ཉིན་༧གོང་ས་མཆོག་ནས་རྒྱལ་སའི་གྲོས་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་སུད་ཌེན་ནང་གི་ལྦི་ཊན་ངལ་སེལ་ཚོགས་པ་ཞེས་པས་གོ་སྒྲིག་གནང་སྟེ་ མང་ཚོགས་མི་གྲངས་གསུམ་སྟོང་བརྒལ་བ་འདུ་འཛོམས་ཐོག་༧གོང་ས་ཏྰ་ལའི་བླ་མ་མཆོག་དང་མཇལ་འཕྲད་ཅེས་པའི་བརྗོད་གཞི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཞིག་ལ་ཆིབས་བསྒྱུར་བསྐྱངས་ཏེ་ བཀའ་སློབ་དང་མང་ཚོགས་ཀྱི་དྲི་བར་བཀའ་ལན་བསྩལ་གནང་མཛད་ཡོད་པ་རེད།
དེའི་སྐབས་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་བྱམས་བརྩེ་དང་བདེ་སྐྱིད་ ༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་བཅས་ཀྱི་སྐོར་ལ་དྲི་བ་འབུལ་ལམ་ཞུས་པར་བཀའ་ལན་བསྩལ་ཡོད་པ་དང་། དེ་རྗེས་གསར་འགོད་པ་ཁག་གཅིག་གིས་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་སྐོར་ལ་དྲི་བ་ཕུལ་བར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ ངོས་ཀྱིས་དྭངས་བླངས་ཐོག་ལོ་ངོ་བཞི་བརྒྱ་ཙམ་སོང་བའི་ཏྭ་ལའི་བླ་མས་ཆབ་སྲིད་ཀྱི་འགོ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེ་དགའ་སྤོབས་ཟུང་འབྲེལ་ཐོག་ནས་མཇུག་བསྒྲིལ་བ་ཡིན་ཞེས་བཀའ་ལན་སྩལ་གནང་མཛད་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་ནས་རྒྱ་ནག་ནང་གནས་ཚུལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་མང་ཚོགས་ཁྲོད་བོད་ཀྱི་གནས་ཚུལ་ངོ་མ་ཇི་ཡིན་ཤེས་རྟོགས་ཡོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་ཀྱང་བྱེད་བཞིན་ཡོད་ཅེས་བཀའ་བསྩལ་འདུག།