༸གོང་ས་མཆོག་གི་ཕེ་རན་སིར་མཛད་འཕྲིན་ཁག་ལེགས་གྲུབ།

༸གོང་ས་མཆོག་གིས་ཕེ་རན་སིར་ཆིབས་བསྒྱུར་གནང་སྟེ་ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་རྒྱ་གར་དུ་ཕྱིར་ཕེབས་གནང་འདུག

2008.08.23

༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ཆར་ ཕེ་རན་སིར་ཉིན་ཞགས་ ༡༢ རིང་ཆིབས་བསྒྱུར་གནང་སྟེ་ ཆོས་སྲིད་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་རྗེས་ ཁ་ས་གཟའ་སྤེན་པའི་ཉིན་རྒྱ་གར་དུ་ཕྱིར་ཕེབས་གནང་ཡོད་པ་རེད་

༸གོང་ས་མཆོག་གི་ཐེངས་འདིའི་ཕེ་རན་སིའི་ནང་གི་མཛད་འཕྲིན་གཙོ་བོ་ནི་ ཆོས་ཕྱོགས་དང་འབྲེལ་བའི་མཛད་འཕྲིན་གྱིས་ཁེངས་པ་ཞིག་ཡིན་པ་རེད་ ཕེ་རན་སིའི་ས་གནས་འདྲ་མིན་དུ་ཆིབས་བསྒྱུར་གནང་སྐབས་ ས་གནས་སོ་སོའི་མི་མང་གི་འགོ་ཁྲིད་ཚོས་ ༸གོང་ས་མཆོག་ལ་དགའ་བསུ་ཟབ་རྒྱས་ཞུས་ཡོད་པས་མ་ཟད་ གྲོང་ཁྱེར་ཁག་གི་སྤྱི་ཁྱབ་རྣམ་པ་ཚོས་ཀྱང་༸གོང་ས་མཆོག་ལ་དམིགས་བསལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད་ ལྷག་པར་དུ་ཟླ་བ་འདིའི་ཚེས་ ༢༡ ཉིན་ཕེ་རན་སིའི་ལྷོ་ཕྱོགས་ མོན་པི་ལི་ཡར་ ཞེས་པའི་ས་གནས་དེར་བསོད་རྒྱལ་རིན་པོ་ཆེས་དབུ་ཁྲིད་པའི་ ལས་རབས་གླིང་ཞེས་པའི་ཆོས་ཚོགས་ཀྱིས་གསར་བཞེངས་གནང་བའི་གཙུག་ལག་ཁང་གི་རབ་གནས་དབུ་འབྱེད་ཀྱི་མཛད་སྒོ་གནང་སྐབས་ ཕེ་རན་སིའི་ཕྱི་སྲིད་བློན་ཆེན་ སྦར་ནའཌེ་ཀུཆི་ནར་ དང་ འགྲོ་བ་མིའི་ཐོབ་ཐང་བློན་ཆེན་ ར་མ་ཡ་ཌེ་ ཕེ་རན་སིའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་ ཁའར་ལ་སྦུརུ་ནི་ སར་ཀོ་ཛི་ བཅས་ཀྱིས་ཆེད་བཅར་གྱིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཟུར་མཇལ་ཞུས་ཡོད་པ་རེད་ ཡིན་ནའང་ཕེ་རན་སིའི་སྲིད་འཛིན་ ནི་ཀོ་ལ་སེ་ སར་ཀོ་ཛི་ ཡིས་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་མཇལ་གནང་ཡོད་པ་མ་རེད་ འདི་ནི་རྒྱ་ནག་གཞུང་གིས་ཕེ་རན་སིའི་སྲིད་འཛིན་གྱི་ཐོག་ལ་ཆབ་སྲིད་ཀྱི་གནོན་ཤུགས་སྤྲད་པའི་རྒྱུ་རྐྱེན་ལ་ཐུག་ཡོད་པ་ཅེས་ གནད་དོན་དབྱེ་ཞིབ་མཁན་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད་ དཔེར་ན་ བོད་ཀྱི་གནད་དོན་ཐད་ལ་ ཕེ་རན་སིའི་གཞུང་གིས་ཡིད་གཟབ་བྱེད་དགོས་པ་དང་ བོད་ཀྱི་གནད་དོན་ཐད་ལ་ནོར་འཁྲུལ་ཅན་གྱི་ཐག་གཅོད་གནང་བ་ཡིན་ན་ དེ་ཡིས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་ཆབ་སྲིད་དང་ ཚོང་འབྲེལ་སོགས་ གང་ཅིའི་འབྲེལ་བར་དོ་ཕོག་ཆེན་པོ་གཏང་སྲིད་པ་རེད་ཅེས་རྒྱ་ནག་གཞུང་གིས་ཉེན་བརྡ་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎