ནུས་སྟོབས་ཆེ་བའི་མི་སྣ།
2013.05.02
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་འཛམ་གླིང་ནང་ནུས་སྟོབས་་ཆེ་བའི་མི་སྣ་ལྔ་བརྒྱའི་ཁོངས་ཀྱི་མི་སྣ་ཞིག་ཡིན་པའི་སྐོར་ Foreign Policy འམ་ཕྱི་འབྲེལ་སྲིད་བྱུས་ཞེས་པའི་དུས་དེབ་ཀྱིས་མཚན་འདོན་བྱས་ཡོད་པ་རེད། ཕྱི་འབྲེལ་སྲིད་བྱུས་ཞེས་དུས་ཡུན་ཟླ་བ་གཉིས་རེའི་མཚམས་སུ་འདོན་སྤེལ་བྱས་པའི་ཨ་མི་རི་ཀའི་དུས་དེབ་འདི་ནི་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་སོགས་ཀྱི་གནད་དོན་ཐོག་མཚན་སྙན་གྲགས་པའི་མི་སྣ་ཁག་གིས་དཔྱད་གླེང་སྤེལ་སའི་དུས་དེབ་གྲགས་ཆེན་ཞིག་ཡིན་པ་དང་། དུས་དེབ་འདིས་ད་བར་འདོན་མྱོང་མེད་པར་ད་རེས་འཛམ་གླིང་ནང་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་དང་། ཆོས་ཕྱོགས་སོགས་ཀྱི་འགོ་ཁྲིད་ཀྱི་ཁོངས་ནས་འཛམ་གླིང་ནང་ཆེས་ནུས་པ་ཆེ་བའི་མི་སྣ་ལྔ་བརྒྱའི་མཚན་གཞུང་འདོན་སྤེལ་བྱས་པ་ད་རེས་ཐེངས་དང་པོ་ཡིན་ཞིང་། མི་སྣ་ལྔ་བརྒྱའི་ཁོངས་རླབས་ཆེན་གྱི་མི་སྣ་ཞིག་༧གོང་ས་མཆོག་ཡིན་པའི་མཚན་འདོན་གནང་ཡོད་པ་རེད།།