རྒྱ་ནག་གཞུང་གིས་སྤྲད་པའི་མཐོ་རམས་པའི་སྦྱང་འབྲས་ངོ་མ་ཇི་ཡིན་བཤད་ཁག་པོ་རེད།
2018.05.21

རྒྱ་ནག་གིས་བོད་ཀྱི་ནང་པའི་དགེ་འདུན་པ་༢༠་ལ་མཐོ་རམས་པའི་ལག་འཁྱེར་ཟེར་བ་སྤྲད་ཡོད་པའི་དྲིལ་བསྒྲགས་བྱས་ན་ཡང་དོན་དངོས་བོད་ནང་རང་དབང་ཡོད་པའི་སྒོ་ནས་ཆོས་སློབ་སྤྱོང་བྱེད་རྒྱུར་དམ་དྲག་བྱེད་བཞིན་ཡོད་སྟབས་སྦྱང་འབྲས་ངོ་མ་ཇི་ཡིན་བཤད་ཁག་པོ་ཆགས་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ཞེས་པའི་མཛད་སྒོ་ཞིག་གི་སྟེང་། བོད་ཀྱི་ནང་པའི་དགེ་འདུན་པ་༢༠་ལ་རེས་གཟའ་སྤེན་པ་ཉིན་རྒྱ་ནག་གཞུང་གིས་གཏན་བེབས་བྱས་པའི་བོད་ཀྱི་ནང་ཆོས་ལག་འཁྱེར་མཐོ་ཤོས་སུ་གྲགས་པ་མཐོ་རམས་པའི་ལག་འཁྱེར་ཟེར་བ་སྤྲད་ཡོད་སྐོར་ཕྱི་ཟླ་ ༥ ཚེས་ ༢༠ ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གནས་ཚུལ་འདིའི་སྐོར་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་། བོད་རྒྱའི་གནས་ཚུལ་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་ལག་འཁྱེར་སྤྲད་པའི་མཛད་སྒོ་ཚོགས་པ་འདི་ཕྱི་ཚུལ་ཙམ་གྱི་ཁྱབ་བསྒྲགས་མ་ཡིན་པར། སློབ་སྤྱོང་གི་སྦྱང་འབྲས་ངོ་མ་ཡོད་པ་བྱས་ནས་ལག་འཁྱེར་སྤྲད་པ་ཡིན་ན་ཡག་པོ་ཡིན་ཡང་། དེང་སང་དགོན་པ་གྲྭ་ཚང་ཁག་ནང་རང་དབང་ཡོད་པའི་སྒོ་ནས་ཆོས་སློབ་གཉེར་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཡིན་ལ། མིང་དོན་མཚུངས་པའི་མཁས་པ་ཚོས་སྐད་འཕྲིན་ཚོགས་པ་ཁག་ནང་བགྲོ་གླེང་བྱེད་སྐབས། གཞིས་བྱེས་གཉིས་ནས་ནང་། ནང་ཆོས་སློབ་སློབ་གཉེར་གྱི་གྲུབ་འབྲས་བསྡུར་པའི་སྐབས་སྤྱི་ཡོངས་ནས་བཤད་ན་བཙན་བྱོལ་ནང་གི་གྲུབ་འབྲས་ལེགས་པ་ཡོད་པར་མང་ཆེ་བས་ངོས་འཛིན་བྱེད་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། ལྷག་པར་དུ་ཉེ་དུས་བོད་ནས་གནས་ཚུལ་ཐོན་པ་དང་རྒྱ་ནག་གཞུང་འབྲེལ་གྱིས་ཕྱི་ཕྱོགས་ནས་སློབ་གཉེར་ནོར་པ་ཐོབ་པའི་དགེ་འདུན་པ་ཚོར་དམ་དྲག་བྱེད་རྒྱུའི་དྲིལ་བསྒྲགས་བྱས་ཤིང་། བཙན་བྱོལ་ནང་ཡོད་པའི་གདན་ས་སེ་འབྲས་དགའ་གསུམ་ནས་ཐོན་པའི་དགེ་བཤེས་བོད་དུ་ཕྱིར་ལོག་གནང་སྟེ་ཕྱག་དཔེའི་དགེ་རྒན་གནང་མཁན་ཚོའི་ཐོག་དམ་དྲག་དང་དགེ་འདུན་པ་གཉིས་ལི་ཐང་དགོན་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་གིས་སྤྲད་པའི་མཐོ་རམ་པའི་ལག་འཁྱེར་ཟེར་བ་དེ་ཐོབ་རྒྱུར། སློབ་གཉེར་བ་ཚོས་ལོ་གསུམ་རིང་གི་སློབ་སྤྱོང་བྱེད་དགོས་པ་དང་། དེ་བཞིན་ལག་འཁྱེར་དེ་ཐོབ་པར་དང་པོ་ཡིག་རྒྱུགས་མ་ལེན་གོང་ཡིག་རྒྱུགས་གཞན་ཁག་ཅིག་དང་དཔྱད་རྩོམ་སྤེལ་ནས་རྒྱུགས་ལེན་ཟིན་པའིི་ཚད་གཞི་ལེན་དགོས་ཀྱི་ཡོད་པ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
པེ་ཅིང་དུ་ཚོགས་པའི་ལག་འཁྱེར་སྤྲོད་ལེན་གྱི་མཛད་སྒོ་དེའི་སྟེང་རྒྱ་ནག་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་གནད་ཡོད་མི་སྣ་དང་རྒྱ་ནག་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་འགྱུར་གྱི་སྐུ་ཚབ་ཀྱང་ཡོད་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།