ཧོང་ཀོང་ནང་སློབ་ཚན་གསར་འཛུཌ་བྱ་རྒྱུའི་འཆར་གཞིར་ངོ་རྒོལ།
2012.07.29
༄༅༎རྒྱ་ནག་གཞུང་གིས། ཧོང་ཀོང་གི་སློབ་གྲྭའི་སློབ་གཞིའི་ནང་རྒྱ་ནག་ལ་དགའ་ཞེན་མཚོན་པའི་རྒྱལ་གཅེས་རིང་ལུགས་སློབ་ཁྲིད་བྱ་རྒྱུའི་འཆར་གཞིར། དེ་རིང་ཧོང་ཀོང་མི་དམངས་སྟོང་ཕྲག་མང་པོས་འཆར་གཞི་དེར་ངོ་རྒོལ་བྱས་ཡོད་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་གི་སྲང་ལམ་ཐོག་ངོ་རྒོལ་བྱེད་མཁན་མི་དམངས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས། རྒྱ་ནག་གཞུང་གིས་ཧོང་ཀོང་གི་སློབ་གྲྭའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་ཚན་སློབ་ཁྲིད་བྱ་རྒྱུའི་འཆར་གཞི་དེ་ཡིས། སློབ་ཕྲུག་ཚོའི་བསམ་བློའི་བསྒྱུར་བཅོས་གཏོང་སྲིད་པའི་བློ་འཚབ་ཀྱིས་ངོ་རྒོལ་བྱས་ཡོད་པ་དང༌། འབྲེལ་ཡོད་ཧོང་ཀོང་གི་དཔོན་རིགས་ནས། ཧོང་ཀོང་གི་སློབ་གྲྭ་རྣམས་དབྱར་ཁའི་དགུང་སེང་རྫོགས་ཏེ། རིང་མིན་ཕྱི་ཟླ་དགུ་པའི་ནང་སློབ་གྲྭ་འགོ་བཙུགས་པའི་སྐབས། རྒྱལ་གཅེས་རིང་ལུགས་གི་སློབ་ཚན་འགོ་འཛུགས་རྒྱུའི་འབད་བརྩོན་བྱེད་པར་བརྟེན་ནས། ཧོང་ཀོང་གི་སློབ་གྲྭ་ཁག་གི་དགེ་རྒན་དང༌། སློབ་ཕྲུག་གི་ཕ་མ། སློབ་ཕྲུག། དམངས་གཙོ་དོན་གཉེར་ཅན་ཚོས། གཞུང་གི་ལས་ཁུངས་བར་ངོ་རྒོལ་གོམ་བགྲོད་བྱས་ཡོད་པ་རེད།
གོང་གསལ་ངོ་རྒོལ་ལས་འགུལ་ནང་ཞུགས་མཁན་ཚོས། སློབ་གྲྭའི་ནང་དུ་རྒྱལ་གཅེས་རིང་ལུགས་བསམ་བློའི་ལྟ་བ་སློབ་ཁྲིད་བྱེད་ན། མ་འོངས་པར་སློབ་ཕྲུག་ནང་རྒྱ་ནག་གུང་ཁྲན་ཏང་ལ་དགའ་ཞེན་དང་རྒྱབ་སྐྱོར་གྱི་བསམ་བློ་བསྒྱུར་བཅོས་ཕྱིན་ཡོང་བསམ་པའི་བློ་འཚབ་དང༌། དེ་བཞིན་ཧོང་ཀོང་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་༡༥ ཕྱིན་པའི་རྗེས། རྒྱ་ནག་གཞུང་གིས། ཧོང་ཀོང་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་འཕེལ་རྒྱས་གཏོང་ཐབས་བྱེད་པའི་སྲིད་ཇུས་གསར་པ་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།