སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། བུད་མེད་བཀའ་བློན་གསུམ་ལ་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་སོང་།


སྤྱི་ལོ་༢༠༢༡ལོའི་སྤྱི་ཟླ་༡༠ པའི་ཚེས་༡༡ ཉིན་སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ། ལས་ཉིན་༡པོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢ ཀྱི་དགོངས་དོན་གཞིར་བཟུང་། གྲོས་ཚོགས་ནང་བཀའ་བློན་འོས་མི་རྣམས་མཚན་འདོན་གནང་སྐབས། སྤྱི་འཐུས་ཚོས་དགག་བྱ་བྱུང་ཡོད་པར་བརྟེན། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་སྤྱི་འཐུས་ངོ་ཡོད་ཚོས་གསང་བའི་འོས་ཤོག་འཕངས་ཏེ་བརྒྱ་ཆ་༥༠ཡན་ཐོབ་ཚེ་བཀའ་བློན་དུ་བདམས་ཐོན་བྱུང་གི་ཡོད་པ་ལྟར། ད་རེས་གྲོས་ཚོགས་ནང་སྤྱི་འཐུས་༤༥ཆ་ཚང་ཡོད་པས། བཀའ་བློན་དུ་འོས་འདེམས་བྱུང་བར་སྤྱི་འཐུས་༢༣ ཡན་གྱི་རྒྱབ་སྐྱོར་དགོས་ཀྱི་ཡོད་པར་བརྟེན། བུད་མེད་བཀའ་བློན་འོས་མི་གསུམ་ལ་མང་མོས་ཀྱིས་རྒྱབ་སྐྱོབ་ཐོབ་སྟེ་བཀའ་ཤག་སྐབས་༡༦པའི་བཀའ་བློན་དུ་འོས་འདེམས་བྱུང་ཡོད་པ་རེད།
ད་རེས་བདམས་ཐོན་བྱུང་བའི་བུད་མེད་བཀའ་བློན་གསུམ་སྟེ། བྱང་ཨ་རིར་གནས་སྡོད་ནོར་འཛིན་སྒྲོལ་མ་ལགས་སུ་འོས་གྲངས་ ༢༧ ཐོབ་ཡོད་པ་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནས་སྡོད་ཐར་ལམ་སྒྲོལ་མ་ལགས་སུ་འོས་གྲངས་༢༧། རྒྱལ་ས་ལྡི་ལིར་གནས་སྡོད་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་སུ་འོས་གྲངས་༣༠བཅས་ཐོབ་སྟེ་བཀའ་བློན་དུ་བདམས་ཐོན་བྱུང་ཞིང་། བུད་མེད་བཀའ་བློན་གསུམ་འོས་འདེམས་བྱུང་བའི་རྗེས། སྲིད་སྐྱོང་མཆོག་ནས་རྡ་རམ་ས་ལར་གནས་སྡོད་བཀའ་ཟུར་ཐུབ་བསྟན་ལུང་རིགས་ལགས་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་སྐབས་སྤྱི་འཐུས་༢༧ གྱིས་རྒྱབ་སྐྱོར་གནང་མེད་སྟབས་བཀའ་བློན་དུ་འོས་འདེམས་བྱུང་མེད་ཅིང་། དེ་བཞིན་བཀའ་བློན་འོས་མི་རྡ་སར་གནས་སྡོད་རྡ་སྟེང་བོད་ཁྱིམ་གྱི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ལ་སྤྱི་འཐུས་༣༠ ཡིས་རྒྱབ་སྐྱོར་གནང་མེད་པར་བརྟེན། ཁོང་ཡང་བཀའ་བློན་དུ་བདམས་ཐོན་བྱུང་མེད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་ནས་སུད་སི་དོན་ཟུར་དང་སྤྱི་འཐུས་ལས་ཐོག་དངོས་གྲུབ་རྡོ་རྗེ་ལགས་བཀའ་བློན་འོས་མིར་མཚན་འདོན་གནང་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་དགག་བྱ་གནང་བ་དང་སྦྲགས། ད་ལྟ་བཀའ་བློན་འོས་མི་དེ་མཚན་འདོན་གནང་བར་ཁོང་རང་ཉིད་བློ་ཕམ་ཚད་མེད་བྱུང་ཡོད་པ་གསུངས་ཤིང་། དངོས་གྲུབ་རྡོ་རྗེ་ལགས་བཀའ་བློན་འདེམས་ཕྱོགས་དང་འབྲེལ་བའི་ལས་རིམ་ཁག་མུ་མཐུད་འགྲོ་བ་ཡིན་ན། གྲོས་ཚོགས་རྭ་བ་ནས་ཕྱིར་ཐོན་རྒྱུ་ཡིན་པ་གསུངས་ནའང་། སྲིད་སྐྱོང་ནས་ལས་རིམ་དེ་མུ་མཐུད་འགྲོ་དགོས་པའི་དགོངས་ཚུལ་བཏོན་པར་བརྟེན། མདོ་སྟོད་སྤྱི་འཐུས་གཅིག་དང་ཆོས་བརྒྱུད་སྤྱི་འཐུས་གཅིག་ཕུད་པའི་ཆོས་བརྒྱུད་དང་མདོ་སྟོད་སྤྱི་འཐུས་རྣམ་པ་གྲོས་ཚོགས་རྭ་བ་ནས་ཕྱིར་ཐོན་ཡོད་པ་སོང་ཙང་། གྲོས་ཚོགས་ལས་རིམ་མུ་མཐུད་འགྲོ་བར་གྲོས་ཚོགས་ཀྱི་གྲུབ་ཆ་གསུམ་ཆ་གཉིས་ལྷག་མ་ལོན་པ་བརྟེན། སྐབས་དེའི་གྲོས་ཚོགས་ལས་རིམ་མཚམས་འཇོག་གནང་དགོས་བྱུང་ཡོད་པ་རེད།