ཐུབ་བསྟན་བརྩོན་འགྲུས་ལགས་བཙོན་བཀྲོལ་བྱུང་པར་ཕེབས་བསུ།
2015.07.20
ལོ་གསུམ་གྱི་དུས་བཀག་ཁྲིམས་ཆད་མྱངས་བའི་ཆབ་སྲིད་བཙོན་པ་ཐུབ་བསྟན་བརྩོན་འགྲུས་ལགས་བཙོན་བཀྲོལ་བྱུང་པར་བོད་མིས་ཕེབས་བསུ་གནང་བ།
དེ་ཡང་ཆབ་སྲིད་བཙོན་པ་དགེ་འདུན་པ་ཐུབ་བསྟན་བརྩོན་འགྲུས་ལགས་བཙོན་འཇུག་དུས་ཡུན་རྫོགས་ནས་ཕྱི་ཚེས་༡༧ཉིན་གློད་གྲོལ་བཏང་སྟེ་རང་ཡུལ་དུ་འབྱོར་སྐབས་སེར་སྐྱ་མི་མང་གིས་ཁ་བཏགས་སྒྲོན་འབུལ་གྱིས་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་དང་། དེ་ནི་ཕྱི་ལོ་༢༠༡༣ལོའི་བོད་ཟླ་༣ པའི་ཚེས་༨ཉིན་ནང་མི་དང་ཁྲིམས་རྩོད་པ་སོགས་ཅི་ཡང་མེད་པའི་ཐོག་ཁོང་གཉིས་ལ་ལོ་གསུམ་རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། རྒྱ་ནག་གཞུང་གིས་སྐབས་དེར་རང་ལོ་༢༧ ཡས་མས་ཡིན་པའི་དགེ་འདུན་པ་ཐུབ་བསྟན་བརྩོན་འགྲུས་ལགས་ལ་དགོན་པའི་ནང་སྐུ་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་དབང་ཆེན་ནོར་བུ་ལགས་ཀྱི་ཆེད་བསྔོ་སྨོན་མཆོད་འབུལ་གོ་བསྒྲིགས་གནང་མཁན་དང་། ཕྱི་ཚེས་༢༡ ཉིན་རྫོང་གི་འགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ་བཅས་ཀྱིས་བཀག་འགོག་བྱས་ཏེ་ས་གནས་སུ་བསྔོ་སྨོན་གསུང་སྐབས་དབུ་མཛད་ཀྱི་འགན་འཁུར་གནང་མཁན་བཅས་ཡིན་པའི་ཉེས་མིང་འོག་ལོ་༣ རིང་བཙོན་འཇུག་ཁྲིམས་ཆད་དང་། གཞན་ཡང་སྐབས་དེར་རང་ལོ་༣༠ ཡས་མས་ཡིན་པའི་དགེ་འདུན་པ་དགེ་འདུན་ཚུལ་ཁྲིམས་ལགས་ཀྱིས་དགེ་འདུན་པ་ཚོ་རྐང་ཚ་ཡུལ་ཚོ་རུ་ཕེབས་སྐབས་འབྲེལ་བ་གནང་མཁན་དང་ཞལ་འདེབས་བསྡུ་རུབ་གནང་མཁན། རླངས་འཁོར་གོ་བསྒྲིགས་གནང་མཁན་བཅས་ཀྱི་ཉེས་མིང་འོག་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
༢༠༡༢ ལོའི་ཕྱི་ཟླ་༡༡ཚེས་༡༩ཉིན་མཚོ་སྔོན་མཚོ་ཤར་ས་ཁུལ་ཡ་རྫི་རྫོང་རྐང་ཚ་ཡུལ་ཚོ་རུ་དབང་ཆེན་ནོར་བུ་ལགས་ཀྱིས་སྐུ་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་པའི་རྗེས་བིས་མདོ་དགོན་ཆེན་དུ་དགེ་འདུན་པ་ཚོས་མ་སྐུལ་དང་བླངས་ཐོག་མཆོད་འབུལ་སྨོན་ལམ་གསུངས་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་༡༡ཚེས་༢༡ཉིན་བིས་མདོ་དགོན་ཆེན་དང་། དགོན་སྡེ་གཞན་གྱི་དགེ་འདུན་པ་རྣམས་ཀྱིས་དབང་ཆེན་ནོར་བུ་ལགས་སུ་གདུང་སེམས་མཉམ་སྐྱེད་དང་ནང་མིར་མྱ་ངན་འཚམས་འདྲིའི་ཆེད་ས་གནས་སུ་བསྐྱོད་ཡོད་ཀྱང་སྐབས་དེར་རྫོང་གི་འགོ་ཁྲིད་དང་ལས་བྱེད། ཉེན་རྟོག་པ། བིས་མདོ་དགོན་ཆེན་གྱི་བླ་མ་བཅས་ཡོང་སྟེ་རྐང་ཚ་ཡུལ་ཚོའི་ཉེ་འདབས་གསེར་སྒའི་ཉག་ག་ཞེས་པའི་ས་ཆར་བཀག་འགོག་བྱས་རྗེས་དགེ་འདུན་པ་ཚོས་ས་གནས་རང་དུ་བསྔོ་སྨོན་གསུངས་དགོས་བྱུང་ཡོད་པ་རེད། ཕྱིས་སུ་རྫོང་དང་ས་གནས་ཉེན་རྟོག་པས་ས་གནས་ཀྱི་སྐྱ་སེར་མང་པོ་འཛིན་བཟུང་བྱས་པ་དང་། འདྲི་གཅོད་སོགས་སུན་གཙེར་རབ་དང་རིམ་པ་བྱས་སྟབས་ནག་ཉེས་ཚང་མ་བིས་མདོ་དགོན་པའི་དགེ་འདུན་པ་ཐུབ་བསྟན་བརྩོན་འགྲུས་ལགས་དང་། ཚུལ་ཁྲིམས་ལགས་རྣམ་གཉིས་ཀྱིས་ཁས་ལེན་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།