བོད་ཀྱི་ལོ་གསར་བསླེབ་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཆེ་རུ་གཏོང་གི་འདུག

2023.02.16
བོད་ཀྱི་ལོ་གསར་བསླེབ་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཆེ་རུ་གཏོང་གི་འདུག ལྷ་སར་རྒྱ་ནག་གི་ཉེན་རྟོག་པས་ཟ་ཁང་དང་ཚོང་ཁང་སོགས་ཞིབ་བཤེར་བྱེད་བཞིན་པ། ༠༢།༡༤།༢༠༢༣
སྤྱི་ཚོགས་དྲྭ་ལམ།

དེ་ཡང་བོད་ཀྱི་ལོ་གསར་བསླེབ་ལ་ཉེ་བའི་སྐབས་འདིར། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་རྒྱ་ནག་གཞུང་གིས་མི་མང་གི་འགྲོ་འདུག་ཐད་དམ་དྲག་བྱེད་བཞིན་ཡོད་པ་དང་། ལོ་སར་རིང་གྲོང་མི་ཚོས་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཚོགས་བདེ་འཇགས་ལ་འགན་འཁུར་དགོས་སྐོར་བརྗོད་ནས། ཕྱི་ཟླ་༢པ་ནས་ལྷ་སའི་བར་སྐོར་གཙོས་ཁྲོམ་སྲང་གང་སར་གསང་བའི་བརྙན་མིག་པར་ཆས་གསར་འཛུགས་བྱེད་བཞིན་ཡོད་པ་དང་། སྤྱི་ལེ་གཅིག་ཙམ་ལས་མེད་པའི་སར་ཉེན་རྟོག་པའི་ས་ཚིགས་ཆེད་འཛུགས་ཀྱིས་ལམ་འགྲོ་བ་ཚོ་གང་བྱུང་འབོད་འགུག་དང་ཁ་པར་སྔོག་བཤེར། ལུས་བཤེར་སོགས་བྱེད་བཞིན་པ་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན་ལྟར་ན། ཕྱི་ཟླ་༢པ་ནས་བཟུང་གྲོང་ཁྱེར་ལྷ་སའི་ནང་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཡོད་པ་དང་། དེ་མིན་དམག་མི་དང་ཉེན་རྟོག་པའི་སྒྲིག་ཆས་གྱོན་མེད་པའི་སོ་ཉུལ་བ་མང་པོ་འགྲེམས་འཇོག་བྱས་ཡོད་འདུག་ལ། དྲག་ཆས་དམག་མི་ཚོས་ཉིན་ལྟར་ཁྲོམ་སྲང་ཁག་ཏུ་སྐོར་གཡེང་དང་། དེ་བཞིན་ཉེན་རྟོག་པས་བདེ་འཇགས་སྲུང་སྐྱོབ་ཞེས་ཟ་ཁང་དང་ཚོང་ཁང་རེ་རེ་བཞིན་ཞིབ་བཤེར་བྱེད་བཞིན་འདུག་ཅེས་དང་། བོད་ཀྱི་མདོ་སྟོད་སྨད་གཉིས་གཙོས་ཕྱི་ནས་ལྷ་སར་ཡོང་མཁན་མཆོད་མཇལ་བ་ཚོར་མགྲོན་ཁང་སོགས་སུ་དུས་ངེས་མེད་དུ་ཞིབ་བཤེར་དང་དཀའ་ངལ་སྤྲོད་བཞིན་ཡོད་པ་བརྗོད་བྱུང་།

lhasa (1).JPG
ཕྱི་ཚེས་༡༥ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་གསར་དང་འབྲེལ་ལྷ་སའི་ནོར་བུ་གླིང་ཁར་མཇལ་སྐོར་བ་ཚོ་གཏོང་རྒྱུ་ཡིན་ན་ཡང་། མཆོད་མཇལ་བ་ཚོས་མིང་ཐོ་འགོད་པ་དང་ཐོབ་ཐང་ལག་འཁྱེར་སྟོན་དགོས་པ་སོགས་བརྗོད་ཡོད་པ་དང་། སི་པན་དུ་གནས་སྡོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། དེ་སྔ་དེ་ལྟ་བུ་མཆོད་མཇལ་ཙམ་བྱེད་པར་ཐོ་འགོད་དང་ལག་འཁྱེར་སྟོན་དགོས་པའི་གནས་ཚུལ་ཞིག་གོ་ཐོས་མ་བྱུང་ལ། དེ་ཡིན་ན་ནོར་བུ་གླིང་ཁར་རྒྱ་ནག་གཞུང་གིས་མཆོད་མཇལ་ཙམ་བྱེད་པར་དམ་དྲག་བྱེད་བཞིན་པ་གསལ་བོ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞན་རྒྱ་ནག་གཞུང་འབྲེལ་གྱིས་སྤེལ་བའི་བོད་ཀྱི་ལོ་སར་དང་འབྲེལ་བའི་གུང་གསེང་བརྡ་ཐོ་ཞེས་པའི་ནང་། བོད་ཀྱི་ལོ་སར་དེ་ཕྱི་ཟླ་༢ཚེས་༢༠ནས་ཚེས་༢༦བར་ཉིན་བདུན་རིང་གཏོང་རྒྱུ་ཡིན་པ་དང་། ལོ་སར་རིང་བདེ་འཇགས་ལས་དོན་ཐད་འཐུས་ཤོར་རྩ་བ་ནས་ཕྱིན་མི་ཆོག་པ་དང་། བདེ་འཇགས་ལས་ཀ་བྱེད་མཁན་ཚོས་ལས་ཀ་བྱ་ཡུལ་ནས་གང་བྱུང་དུ་དང་ལས་རེས་བྱེད་མཁན་མེད་པ་སོགས་ཀྱི་གནས་ཚུལ་ཐོན་རྒྱུ་གཏན་འགོག་དང་། གལ་སྲིད་ཐོལ་བྱུང་གི་དོན་རྐྱེན་ཚབས་ཆེན་འཕྲད་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་། ཐག་གཅོད་འོས་འཚམ་བྱས་ནས། མི་དམངས་མང་ཚོགས་ལ་བདེ་འཇགས་ཀྱི་ལོ་གསར་གཏོང་ཐུབ་པ་བྱེད་དགོས་སྐོར་སོགས་བཀོད་འདུག
རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་ས་ཁུལ་མང་པོར་མི་མང་འདུ་འཛོམས་དང་དུས་དྲན་སོགས་ཀྱི་སྐབས་ཉེན་རྟོག་པ་འགྲེམས་འཇོག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་འདི་ལོ་བོད་ནང་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཉིན་ཤས་སྔོན་ཁྱུང་མཆུ་དང་རྔ་བ་ཕྱོགས་སུ་སྤྱི་ཚོགས་བདེ་འཇགས་ཆེད་ཡིན་སྐོར་བརྗོད་ནས་ས་གནས་མང་ཚོགས་ཚོར་ཡིག་ཆ་ཞིག་ལ་མིང་རྟགས་རྒྱག་འཇུག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་དང་། མདོ་སྨད་བླ་བྲང་དང་སྐུ་འབུམ་སོགས་སུ་ད་ལོ་སྨོན་ལམ་ཆེན་མོའི་ཆོས་ཕྱོགས་ཀྱི་འདུ་འཛོམས་སྐབས་ཉེན་རྟོག་པ་འགྲེམས་འཇོག་གིས་ལྟ་བཤེར་ནན་མོ་བྱས་ཡོད་པ་རེད།


གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎