གསུམ་བཅུའི་དུས་དྲན་དང་བསྟུན་བོད་ནང་མངོན་ལྐོག་གཉིས་ནས་དམ་དྲག་ཇེ་ཆེར་བཏང་འདུག་ཟེར།

2022.03.09
གསུམ་བཅུའི་དུས་དྲན་དང་བསྟུན་བོད་ནང་མངོན་ལྐོག་གཉིས་ནས་དམ་དྲག་ཇེ་ཆེར་བཏང་འདུག་ཟེར། ལྷ་སར་རྒྱ་ནག་གི་ཉེན་རྟོག་དམག་མི་འགྲེམས་འཇོག་བྱས་ཡོད་པ། ༠༦།༢༠༡༠
Reuters

ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་ཁག་མང་པོའི་ནང་། དམག་མི་འགྲེམས་འཇོག་དང་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ཤུགས་ཆེར་བྱེད་བཞིན་ཡོད་པ་ལྟར། ད་ལོར་ཡང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམག་མི་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་སེ་ར་དང་འབྲས་སྤུངས་དགོན་པ་གཉིས་ཉིན་མཚན་མེད་པར་དམག་གིས་ལྟ་སྲུང་བྱས་བསྡད་ཡོད་པ་དང་། འདི་ལོ་དམག་མི་དང་ཉེན་རྟོག་པའི་ལྟ་སྲུང་བྱེད་སྟངས་དང་མི་མང་གི་འགྲོ་འདུག་སྤྱོད་གསུམ་དང་། དྲ་ལམ་ཞིབ་བཤེར་དང་རྗེས་འདེད་གཏོང་རྒྱུ་སོགས་ལོ་སྔོན་མ་དང་བསྡུར་ན་ཤུགས་ཆེན་པོ་ཡིན་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་ངོ་སྤྲོད་པ་གཅིག་གིས་གསུངས་ན། ད་ལྟའི་ཆར་གསུམ་བཅུའི་དུས་དྲན་སླེབས་ལ་ཉེ་བ་དང་། ལྷག་པར་དུ་ཉེ་སྔོན་རང་ལ་ལྷ་སར་དོན་རྐྱེན་བྱུང་བའི་རྐྱེན་གྱིས་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་དང་། གནས་ཚུལ་དེའི་རྐྱེན་གྱིས་འདི་ཕྱོགས་ནས་མི་ཚང་མར་དོགས་འདྲོགས་འདྲ་ལངས་དགོས་པ་ཞིག་བཟོས་འདུག་ལ། ཉིན་ཤས་རིང་སེམས་ཁམས་སྐྱིད་པོ་མ་བྱུང་། ང་རང་ལ་མཚོན་ན་རྒྱབ་ན་སོ་ལྟ་བྱེད་མཁན་ཡོད་པས་སྐད་ཆ་བཤད་བདེ་བོ་མི་འདུག དེ་སྔ་ཡང་གསུམ་བཅུའི་དུས་དྲན་དང་འབྲེལ་ནས་གཞུང་གིས་འབྲེལ་ཡོད་ཚན་པས་འབོད་འགུག་ཐེངས་ཁ་ཤས་བྱས་མྱོང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་དེས། ཕོ་བྲང་པོ་ཏཱ་ལ་དང་གཙུག་ལག་ཁང་སོགས་མཆོད་མཇལ་བར་སྒོ་ཕྱེ་ཡོད་ན་ཡང་། དམག་མི་དམག་ཆས་གྱོན་ཡོད་མེད་གཉིས་ཀ་མང་བ་མ་ཟད། གཙུག་ལག་ཁང་གི་ཕྱོགས་ཚང་མ་བརྙན་མིག་པར་ཆས་ཀྱིས་སྐོར་ནས་ཡོད་པ་དང་། བོད་ཀྱི་ས་ཁུལ་གཞན་ནས་ལྷ་སར་ཡོང་མཁན་ཚོ་ལྷ་སར་བསླེབས་པ་དང་འབྲེལ་ཡོད་ལ་ཐོ་འགོད་དང་། ཏོག་དབྱིབས་རིམས་ནད་བརྟག་དཔྱད་བཤེར་རིས་བརྒྱུད་འགྲོ་འདུག་སྤྱོད་གསུམ་ཐད་ལྟ་རྟོག་རིགས་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པ་སི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དང་། རྔ་བ་བོད་རིགས་རང་སྐྱོང་ས་ཁུལ། ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་རང་སྐྱོང་ས་ཁུལ་ཁག་བཅས་ནང་། དམིགས་བསལ་རྒྱ་ནག་གཞུང་གིས་རྫོང་རིམ་པ་དང་ས་གནས་མངགས་གཏོང་ཁང་སོགས་ཆེད་དུ་བཀོལ་ཏེ། ཞིབ་བཤེར་ས་ཚིགས་ཇེ་མང་དུ་བཏང་ནས་དམ་དྲག་བྱེད་བཞིན་པའི་ཁར། ནད་ཡམས་སྔོན་འགོག་ཡིན་ཚུལ་བཤད་ནས་མི་མང་འདུ་འཛོམས་མི་ཆོག་པ་དང་། བསང་གསོལ་གཏོང་མི་ཆོག་པ། སྐད་འཕྲིན་ཚོགས་པ་ཁག་ཏུ་ཞིབ་བཤེར་བྱེད་བཞིན་པ་སོགས།
སུད་སིར་ཡོད་པའི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་འགྲེལ་བརྗོད་གནང་བྱུང་ལ། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་ཀྱིས་ཀྱང་། ཉིན་ཤས་སྔོན་ནས་རྔ་བ་རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཇེ་ཆེར་བཏང་ཡོད་གོ་ཐོས་བྱུང་བ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་ཉིན་ཤས་སྔོན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པ་དང་འབྲེལ་ནས། བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་པའི་ཟུར་ཚོགས་སྐབས་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་ཚོགས་གཙོ་ཝང་ཅུན་ཀྲེང་ཟེར་བས། ཐོག་མཐའ་བར་གསུམ་དུ་གུང་ཁྲན་རིང་ལུགས་ཀྱི་དད་མོས་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་བརྟན་སྲུང་བཅས་བྱས་ནས། བོད་ནང་སྔར་ལས་བརྟན་བརླིང་ཡོང་བར་ཁག་ཐེག་དང་། གནས་དུས་ངེས་མེད་དུ་གྲ་སྒྲིག་གིས་གཏན་འཁེལ་གཉིས་དང་སྲུང་སྐྱོང་གཉིས་ཐུབ་པར་བྱེད་པའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་དགོས་སྐོར་བརྗོད་ཡོད་འདུག
སྤྱིར་རྒྱ་ནག་གཞུང་གིས་དེ་སྔ་ནས་གསུམ་བཅུའི་དུས་དྲན་དང་། བོད་ནང་དུས་ཆེན་ཆེ་ཁག་དང་བསྟུན་དམ་དྲག་དང་ལྟ་རྟོག་བྱེད་བཞིན་ཡོད་ན་ཡང་། ཕྱི་ལོ་༢༠༠༨་ལོར་བོད་ས་ཡོངས་སུ་ས་བྱི་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་། རྒྱ་ནག་གཞུང་གིས་ལོ་ལྟར་གསུམ་བཅུའི་དུས་དྲན་དང་བསྟུན་བོད་མི་ཚོར་དམ་དྲག་དང་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་པ་རེད་ལ། ལྷག་པར་དུ་བོད་ནང་ཞི་རྒོལ་དང་རང་ལུས་མེར་བསྲེགས་རིགས་ཀྱི་ལས་འགུལ་བྱུང་སྐབས་དེ་ལས་དམ་དྲག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎