ཨ་རི་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱིར་ཚོང་བྱ་ཡུལ་ཆེ་ཤོས་གྲས་ཤིག་ཡིན་པས། ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་དེར་དོ་ཕོག་ཤུགས་ཆེན་འགྲོ་ངེས་ཡིན་པ་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག

2025.04.11
ཨ་རི་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱིར་ཚོང་བྱ་ཡུལ་ཆེ་ཤོས་གྲས་ཤིག་ཡིན་པས། ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་དེར་དོ་ཕོག་ཤུགས་ཆེན་འགྲོ་ངེས་ཡིན་པ་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་གི་འདུག ཕོ་བྲང་པོ་ཏ་ལ།
Reuters

ཨ་རི་དང་རྒྱ་ནག་གཉིས་དབར་ཉོ་ཚོང་གི་དམག་འཁྲུགས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་རི་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱིར་ཚོང་བྱ་ཡུལ་ཆེ་ཤོས་གྲས་ཤིག་ཡིན་སྟབས། གནད་དོན་དབྱེ་ཞིབ་པ་ཚོས་རྒྱལ་ཁབ་གཉིས་ཀའི་སྒོ་ཁྲལ་གཅིག་རྗེས་གཉིས་མཐུད་སྤར་ནས་ད་ཆ་ཨ་རིས་རྒྱ་ནག་གི་ཚོང་ཟོག་ཁག་ལ་སྒོ་ཁྲལ་ཁྱོན་བརྒྱ་ཆ་ ༡༤༥ བར་སྤར་ཡོད་པ་དེས། བོད་མི་རྣམས་ཀྱི་ཚོང་ཟོག་ལ་དོ་ཕོག་ཤུགས་ཆེན་འགྲོ་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག

རྒྱལ་སྤྱིའི་ཚོང་འབྲེལ་སྐོར་ཞིབ་ཕྲའི་གྲངས་ཐོ་སྟོན་མཁན་ (Observatory of Economic Complexity) ལ་གཞིགས་ན། འདི་ལོའི་ཕྱི་ཟླ་ ༢ ནང་། ཨ་རི་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱིར་ཚོང་བྱ་ཡུལ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་ལ། ཨ་སྒོར་ས་ཡ་ ༡༠་༨ རིན་ཐང་ལྡན་པའི་ཅ་དངོས་ཕྱིར་ཚོང་བྱས་འདུག་ཅིང་། དེ་བཞིན་ཕྱི་ལོ་ ༢༠༢༤ ནང་། བོད་རང་སྐྱོང་ལྗོངས་ཟེར་བའི་ནས་ཕྱིར་ཚོང་གཙོ་བོའི་གྲས་ཨ་སྒོར་ས་ཡ་ ༡༡༢ ཙམ་གྱི་རིན་ཐང་ཡོད་པའི་ཐུགས་སྤྲོའི་མཛེས་རྒྱན་རིགས་དང་། ཨ་སྒོར་ས་ཡ་ ༩༣་༧ ཙམ་གྱི་རིན་ཐང་ལྡན་པའི་ཕྲུ་གུའི་རྩེད་ཆས། ཨ་སྒོར་ས་ཡ་ ༨༤་༦ ཙམ་གྱི་རིན་ཐང་ལྡན་པའི་གློག་སྒྲོན། ཨ་སྒོར་ས་ཡ་ ༥༧་༥ ཙམ་གྱི་རིན་ཐང་ལྡན་པའི་སྒམ་རིགས། ཨ་སྒོར་ཨ་སྒོར་ས་ཡ་ ༤༥་༨ ཙམ་གྱི་རིན་ཐང་ལྡན་པའི་ནང་ཆས་རིགས་སོགས་ཡིན་ལ། ཁྱོན་སྔ་ལོར་ཚོང་ཟོག་རིན་ཐང་ཨ་སྒོར་ཐེར་འབུམ་ ༡་༥༩ ཟིན་པ་ཕྱིར་ཚོང་བྱས་འདུག་ཀྱང་། འདི་ལོའི་ཕྱི་ཟླ་ ༡ ནང་ཨ་སྒོར་ས་ཡ་ ༡༡༠ ནས་ཕྱི་ཟླ་ ༢ ནང་ཨ་སྒོར་ས་ཡ་ ༧༤་༨ བར་ཕྱིར་ཚོང་ཨ་སྒོར་ས་ཡ་ ༣༥་༦ གི་ཉུང་དུ་ཕྱིན་ནས་བརྒྱ་ཆ་ ༣༢ ཆགས་འདུག

རྒྱ་གར་གྲོང་ཁྱེར་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཉམ་ཞིབ་ལྟེ་གནས་ཁང་ (Takshashila Institution)ནས་ཉམས་ཞིབ་པ་ཨ་མིཏ་ཀུ་མཱར་ (Amit Kumar) ལགས་ཀྱིས་གསུངས་དོན་ལ། བོད་ནས་ཕྱིར་ཚོང་བྱ་རིགས་མང་ཆེ་བ་ཉིན་རེའི་འཚོ་བའི་ནང་ངེས་པར་དུ་དགོས་པའི་ཅ་དངོས་མིན་སྟབས། ད་ཆ་སྒོ་ཁྲལ་ ༡༢༥ དཔག་པའི་རིན་གོང་འཕར་དུས་ཉོ་མཁན་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། ཡུལ་ཐང་འཕར་བའི་གནས་སྟངས་ (Inflation) བྱུང་ཚེ་ཅ་དངོས་ཚང་མའི་རིན་གོང་འཕར་གྱི་ཡོད་པས། ཨ་རིའི་མི་མང་རྣམས་ལ་དགོས་ངེས་མེད་པའི་ཅ་དངོས་རིགས་རང་བཞིན་གྱིས་ཉོ་མཚམས་འཇོག་གི་རེད། དེའི་སྟེང་ཨ་རི་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱིར་ཚོང་བྱ་ཡུལ་ཆེ་གྲས་ཤིག་ཆགས་ཡོད་སྟབས། བོད་ཀྱི་ཚོང་པ་རྣམས་ཀྱིས་ཨ་རིའི་སྒོ་ཁྲལ་འཕར་བར་བརྟེན་གྱོང་གུན་ལ་གདོང་ལེན་བྱེད་ཆེད། རྒྱལ་ཁབ་གཞན་ནང་དངོས་ཟོག་བཙོང་རྒྱུའི་གོ་སྐབས་བཙལ་རྒྱུ་གལ་ཆེན་པོ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

དེ་ཡང་ཨ་རིའི་ནང་ཊོམཔ་སྲིད་གཞུང་གིས་འདི་ལོའི་ཕྱི་ཟླ་ ༢ བར་རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་ ༢༠ བཀལ་ཡོད་ཀྱང་། ཟླ་ ༤ ཚེས་ ༢ ཉིན་གྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། རྒྱལ་ཁབ་མང་དག་གཅིག་ལ་སྒོ་ཁྲལ་སྤར་བའི་ཁྲོད། རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༣༤ བཀལ་བར། རྒྱ་ནག་གིས་འཁོན་ལན་དུ་ཨ་རིའི་ནང་འདྲེན་ཅ་དངོས་ལའང་བརྒྱ་ཆ་ ༣༤ སྤར་བ་དང་སྦྲགས།  འཛམ་གླིང་ཚོང་དོན་ལྷན་ཚོགས་ (World Trade Organization) ལ་ཁྲིམས་གཏུགས་བྱས་ཡོད།

དེ་རྗེས་འདི་ཚེས་ ༩ ཉིན། ཨ་རིས་རྒྱ་ནག་ལ་སྒོ་ཁྲལ་འཕར་མ་བརྒྱ་ཆ་ ༥༠ བསྣན་ཏེ་ཁྱོན་སྒོ་ཁྲལ་ ༡༠༤ བཀལ་བར། རྒྱ་ནག་གིས་ཀྱང་སྒོ་ཁྲལ་བརྒྱ་ཆ་ ༨༤ བར་སྤར་རྗེས། ད་ཆ་ཨ་རིས་རྒྱལ་ཁབ་གཞན་རྣམས་ལ་སྒོ་ཁྲལ་ཉིན་ ༩༠ རིང་བསྐྱར་ཞིབ་བྱ་ཆེད་བཀག་ནས་བརྒྱ་ཆ་ ༡༠ བར་གནས་སྐབས་རིང་བཅག་ཡོད་ཀྱང་། རྒྱ་ནག་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢༥ བར་སྤར་ཡོད། དེའི་སྟེང་རྒྱ་ནག་ནས་ཨ་རིའི་ནང་གཟི་སྨན་ Fentanyl གསང་ཚོང་བྱེད་རྒྱུ་མཚམས་འཇོག་ལ་དམིགས་པའི་ཚོང་ཟོག་སྒོ་ཁྲལ་བརྒྱ་ཆ་ ༢༠ ཐམ་པ་དེ་སྡོམ་པའི་ཁྱོན་བརྒྱ་ཆ་ ༡༤༥ བཀལ་ཡོད་པ་ཨ་རིའི་ཕོ་བྲང་དཀར་པོའི་གསལ་བཤད་གནང་འདུག་ལ། དེར་ཡ་ལན་དུ་ཟླ་འདིའི་ཚེས་ ༡༡ ཉིན་རྒྱ་ནག་གིས་ཨ་རིའི་ཆ་དངོས་ལ་སྒོ་ཁྲལ་བརྒྱ་ཆ་ ༡༢༥ སྤར་ཏེ། ཨ་རྒྱ་གཉིས་བར་གྱི་ཚོང་འབྲེལ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ལ། དེ་ལ་བརྟེན་ནས་འཛམ་གླིང་སྤྱིའི་ཚོང་འབྲེལ་ལ་དོ་ཕོག་ཤུགས་ཆེ་འགྲོ་བཞིན་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས།

རྩོམ་སྒྲིག་པ། བསྟན་འཛིན་པདྨ། སྐལ་ལྡན་བློ་གྲོས།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎