ལྷོ་ཨ་མི་རི་ཀའི་ཡུལ་གྲུའི་ནང་བོད་དོན་སྐོར་བགྲོ་གླེང༌།
2012.04.11
༄༅༎ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༢༨ ནས་ཕྱི་ཟླ་བཞི་པའི་ཚེས་༡ བར་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་ཆི་ལེའི་རྒྱལ་ས་སའན་ཊི་ཡ་གོ་གཙོས་པའི་ས་ཁུལ་ཁག་ཅིག་ནང་བོད་དོན་གྱི་གནས་སྟངས་གོ་རྟོགས་སྤེལ་ཡོད་པ་རེད།
ཕྱི་ཟླ་གསུམ་པའི་ཚེས་༢༨ ཉིན་གྱི་ཕྱི་དྲོ་རྒྱལ་ས་སའན་ཊི་ཡ་གོ་ནང་བོད་དོན་སྐོར་བགྲོ་གླེང་ཞིག་གོ་སྒྲིག་ཞུས་པ་ལྟར་དེའི་ནང་དུ་བཀའ་མོལ་གནང་མཁན་གྱི་གྲས་སུ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་གཞུང་སྐུ་ཚབ་དོན་གཅོད་ཁང་གི་ལྷོ་ཨ་མི་རི་ཀའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས་དང༌། བོད་དོན་དཔེ་དེབ་རྩོམ་བྲིས་གནང་མཁན་ལྕམ་ཨ་ལོ་མ་སེ་ལ་ནེསི་དང༌། ལྕམ་ཨ་ན་མ་རི་ཡ་ལེ་སིང་ གསུམ་ཡིན་པ་དང༌། བགྲོ་གླེང་དེའི་ཐོག་གཙོ་བོ་ལྕམ་ཨ་ལོ་མསེ་སེ་ལ་ནེསི་ཡིས་རྩོམ་བྲིས་གནང་བའི་བོད་དོན་སྐོར་གྱི་ཕྱག་དེབ་གཙོས་པའི་བོད་ཀྱི་གནད་དོན་ཁག་ཐོག་བགྲོ་གླེང་དང་གཏམ་བཤད་གནང་ཡོད་པ་རེད། སྐབས་དེར་ལྕམ་ཨ་ལོ་མ་སེ་ལ་ནེསེ་ཡིས་བོད་ནང་གི་དངོས་ཡོད་གནས་སྟངས་དང༌། ཁོང་གིས་བོད་ཀྱི་གནད་དོན་ཐོག་གཟིགས་ཚུལ་འགྲེལ་བརྗོད་གནང་བར་བགྲོ་གླེང་དེར་མཉམ་ཞུགས་གནང་བའི་མི་དམངས་ཚོས་དགའ་བསུ་དང་གདེངས་འཇོག་ཆེན་པོ་ཐོབ་ཡོད་པ་རེད། སྐབས་དེའི་བགྲོ་གླེང་གི་འདུ་འཛོམས་དེའི་ཐོག་མི་གྲངས་དྲུག་ཅུ་ལྷག་ཕེབས་པ་ཚོར་བོད་དོན་གོ་རྟོགས་སྤེལ་ཐབས་སུ་བར་ལམ་བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་དུ་རང་ལུས་མེ་བསྲེག་བཏང་བའི་དོན་རྐྱེན་རིམ་པ་བྱུང་བ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་བརྙན་འཕྲིན་ཐུང་ངུ་དེ་འདྲ་སྟོན་པ་དང༌། དེ་ནས་ཕྱི་ཚེས་༢༩ ཉིན་མུ་མཐུད་དེང་སྐབས་བོད་ནང་གི་གནས་སྟངས་སྐོར་ལ་བགྲོ་གླེང་གནང་སྟེ་དེའི་ཐོག་ལ་ལྕམ་ཨེ་ན་མ་རི་ཡ་ལེ་སིང་གིས་གཏམ་བཤད་གནང་སྟེ། མཉམ་ཞུགས་བྱེད་མཁན་མི་གྲངས་༧༠་ལྷག་བྱུང་བ་མ་ཟད། དོ་སྣང་ཆེན་པོས་འདྲི་བ་བྱེད་མཁན་མང་པོ་བྱུང་ཡོད་ཅིང༌། ཚེས་༣༡ ཉིན་ཆི་ལེ་ལྷོ་ཕྱོགས་གྲོང་ཁྱེར་གྱི་གཙུག་ལག་སློབ་གྲའི་ནང་བོད་དོན་གཏམ་བཤད་གནང་བ་དེ་ནི། གྲོང་ཁྱེར་དེའི་ནང་དུ་གཞུང་འབྲེལ་གྱི་ཐོག་ནས་བོད་དོན་ཐོག་གཏམ་བཤད་གནང་བ་ཐེངས་དང་པོ་ཡིན་ཞིང༌། སྐབས་དེར་མི་གྲངས་༣༥ ལྷག་མཉམ་ཞུགས་གནང་བའི་ཁོངས་སུ་གཙུག་ལག་སློབ་གྲ་དེའི་མཁས་དབང་ཁག་ཅིག་དང་ལས་བྱེད་པ་ཡང་ཕེབས་པ་རེད། ཕྱི་ཟླ་བཞི་པའི་༡ ཉིན་ལྕམ་ཨ་ལོ་མ་སེ་ལ་ནེསི་ལ་གྲོང་ཁྱེར་ཁག་གཉིས་ཀྱི་གསར་འགྱུར་ལས་ཁང་ཆེ་བ་གཉིས་ཀྱིས་ཁོང་གིས་རྩོམ་བྲིས་གནང་བའི་བོད་དོན་གྱི་ཕྱག་དེབ་སྐོར་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་བཅར་འདྲི་བྱས་པ་མ་ཟད། གནས་ཚུལ་རྣམས་ཕྱི་ཚེས་༤ ཉིན་ཚགས་ཤོག་ཐོག་བཏོན་ཡོད་པ་དང༌། ཕྱི་ཚེས་༤ ཉིན་བོད་ཀྱི་རིག་གཞུང་དྲིལ་བསྒྲགས་ཀྱི་འདུ་འཛོམས་བྱས་པར་དེའི་ཐོག་བོད་ཀྱི་དཔར་གྱི་འགྲེམས་སྟོན་དང༌། བོད་ཀྱི་སྲོལ་རྒྱུན་གྱི་གླུ་བཞས་བཏང་བ།རྗེ་བཙུན་མི་ལ་རལ་པའི་མགུར་གླུ་སྒེར་འདོན་བྱས་པ། རྒྱ་གར་གྱི་གནའ་བོའི་རོལ་ཆ་དཀྲོལ་གཏོང༌བྱས་པ་རྣམས་ས་གནས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཐོག་བཀོད་སྤེལ་བྱས་ཡོད་པ་རེད།