ལྷོ་ཨ་མི་རི་ཀའི་ནང་བོད་དོན་གོ་རྟོག་སྤེལ་སྐོར།
2012.04.12
༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་ཚེ་དབང་ཕུན་ཚོགས་ལགས་ཕྱི་ཟླ་གསུམ་པའི་ཟླ་མཇུག་ནས་ཕྱི་ཟླ་བཞི་པའི་ཚེས་བཞི་བར་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཅི་ལིའི་ས་གནས་ཁག་ཅིག་དང་། དེ་བཞིན་སྦེརེ་ཛིལ་ནང་ཕེབས་ནས་ཁུལ་དེར་བོད་དོན་དང་འབྲེལ་བའི་བགྲོ་གླེང་དང་། ལྦི་དྲོ་བརྙན་པར་བརྒྱུད་ནས་བོད་ཀྱི་གནས་ཚུལ་ངོ་སྤྲོད། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ལ་བཅར་འདྲི་དང་ལན་སོགས་གནང་ཡོད་འདུག དེ་ཡང་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་བརྒྱད་ཉིན་ཅི་ལིའི་རྒྱལ་ས་སན་དྲི་ཀོ་ཞེས་པའི་ནང་། བོད་དོན་བགྲོ་གླེང་དང་། དེ་བཞིན་ལྕམ་ཨ་ལོ་མ་སེ་ལེ་ནེ་སེ་ཞུ་བ་བོད་སྐོར་དེབ་རྩོམ བྲིས་གནང་མཁན་དང་མཉམ་དུ་དེབ་ཀྱི་ནང་དོན་དང་། ལྷག་པར་དུ་དེང་སང་བོད་ནང་གི་དངོས་ཡོད་གནས་སྟངས་ངོ་སྤྲོད་དང་། བཅར་འདྲི་དང་ལེན་གནང་ཡོད་འདུག དེ་ནས་ཚེས་ཉི་ཤུ་དགུ་ཉིན་བགྲོ་གླེང་ཚོགས་འདུ་དང་། བོད་སྐོར་གནད་འགག་ཆེ་བའི་གནད་དོན་ཁག་གི་ཐོག་དམིགས་བསལ་ངོ་སྤྲོད་གནང་ཡོད་པ་རེད། ཚེས་སུམ་ཅུ་སོ་གཅིག་ཁོང་རྣམ་གཉིས་ལྷོ་ཅི་ལི་ཁུལ་ཕེབས་ནས་གཙུག་ལག་སློབ་གཉེར་ཁང་ཞིག་ཏུ་བོད་ཀྱི་གནད་དོན་ངོ་སྤྲོད་དང་འབྲེལ་སློབ་ཕྲུག་དང་དགེ་ལས་ཚོས་བོད་ཀྱི་གནས་ཚུལ་བཅར་འདྲི་དང་ལེན་ཞུས་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་རེད། གཙུག་ལག་སློབ་གཉེར་ཁང་འདིའི་ནང་བོད་ཀྱི་བགྲོ་གླེང་གནང་བ་ད་རེས་ཐོག་མ་དེ་ཡང་ཆགས་ཡོད་འདུག ཕྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ཝལ་དྲི་ཝ་ཞེས་པའི་ས་གནས་སུ་ཕེབས་ནས་ཁུལ་དེའི་གསར་ཤོག་ཁྱབ་ཆེ་ཤོས་གྲས་ཤིག་ལ་བོད་ཀྱི་སྐོར་དེབ་དེའི་ནང་དོན་དང་། དེ་བཞིན་བོད་ཀྱི་གནས་སྟངས་སྐོར་གསུངས་འདུག ཡང་འདི་ཚེས་བཞི་ཉིན་བྷ་ར་ཛིལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་སན་ཀྲ་ ཀ་ཀྲ་རི་ན་ཞེས་པའི་ནང་། བོད་ཀྱི་རིག་གཞུང་གི་ཉིན་མོ་ཞེས་པ་གོ་སྒྲིགས་གནང་ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་པར་རིས་དང་། གཞན་ཡང་རི་མོ་འདྲ་མིན། བོད་ཀྱི་གཞས་སྣ་སོགས་གོ་འགྲེམས་སྟོན་ཞུས་ཡོད་པ་དེ་དག་ཁུལ་དེའི་གསར་ཤོག་དང་བརྙན་འཕྲིན་ཁག་མང་པོའི་ནང་བཀོད་ཐོན་བྱུང་ཡོད་པ་རེད།