བོད་ནང་འཛུགས་བསྐྲུན་ནི་རྒྱ་ནག་རང་གི་ཁེ་ཕན་སྒྲུབ་བྱེད་རེད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས།
འདི་ལོ་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་བོད་ནང་ལས་འཆར་ཆེ་ཁག་གི་ཐོག ཨ་སྒོར་ཐེར་འབུམ་༢༢གཏོང་འཆར་ཡོད་པ་དེས། མེ་འཁོར་ལྕགས་ལམ་དང་གཞུང་ལམ། གནམ་ཐང་དང་ཆུ་བེད་ཐོན་ཁུངས་བཟོ་བསྐྲུན། སྐྱེ་ཁམས་ལ་མི་གནོད་པའི་ནུས་པ་དང་བཟོ་ལས་ཡར་རྒྱས། མཐའ་མཚམས་ས་ཁུལ་གྱི་ཚོང་ལས་འཕེལ་རྒྱས་བཅས་རྣམ་གྲངས་མི་འདྲ་བ་༡༨༡ ཐོག་མ་འཇོག་བྱེད་རྩིས་ཡོད་པ། ས་གནས་ཀྱི་ཡར་རྒྱས་དང་བསྒྱུར་བཅོས་ལས་ཁུངས་ནས་རྒྱ་ནག་ཤིན་ཧྭ་གསར་འགྱུར་ཐོག་སྤྱི་ཟླ་༤པའི་ཚེས་༣ཉིན་འགྲེལ་བརྗོད་བྱས་འདུག དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་བདེ་འཇགས་ཡོང་ཐབས་དེ་ཧ་ཅང་གལ་ཆེན་དུ་བརྩི་ཡི་ཡོད་པ་དང་། ད་ལྟ་བར་རྒྱ་ནག་གིས་སོ་སོའི་མངོན་འདོད་སྒྲུབ་པ་མ་གཏོགས་བོད་མི་མང་གི་མངོན་འདོད་མི་སྒྲུབ་པ་མངོན་གསལ་དོད་པོ་ཡིན་པས། སྒོར་མོ་འབོར་ཆེན་གཏོང་འཆར་དེ་རྒྱ་ནག་རང་གི་ཆབ་སྲིད་ཁེ་ཕན་སྒྲུབ་བྱེད་ཙམ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་འདི་ལོའི་འགོ་སྟོད་ནས་རྒྱ་ནག་གི་ཤོག་སྒོར་ཐེར་འབུམ་༢༣དང་ཚེག་༣ལས་འཆར་མི་འདྲ་བ་༢༤ཐོག་གཏོང་འཆར་ཡོད་པ་བཀོད་ཡོད་ཅིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ནས། རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་ལས་གཞི་ལ་འགྲོ་སོང་གཏོང་བ་སྔ་ལོ་དང་བསྡུར་ན་ལྡབ་གསུམ་ལྷག་འཕར་ཡོད་ནའང་། བོད་ནང་གི་བོད་མིའི་འཚོ་བ་དང་རང་དབང་སོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་སོང་མེད་ཅེས་དང་། བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་ནག་དང་རྒྱ་གར་གྱི་དམག་དཔུང་བར་གདོང་ཐུག་ཡང་ཡང་འབྱུང་གི་ཡོད་པ་དང་མཚུངས། རྒྱ་ནག་གཞུང་གིས་གཞུང་ལམ་དང་ལྕགས་ལམ་འཛུགས་བསྐྲུན་གྱི་ཐོག་འགྲོ་སོང་འཕོན་ཆེ་གཏོང་བཞིན་པ་དེས། འབྱུང་འགྱུར་ཧི་མ་ལ་ཡ་རི་བརྒྱུདལདང་རྒྱ་གར་ལ་དམག་དོན་གྱི་ཐོག་ནས་དོ་ཕོག་ཆེན་པོ་ཡོང་ཉེན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་གིས་བོད་ནང་ཚད་མཐོའི་ཡར་རྒྱས་གཏོང་རྒྱུ་ལ་ཁ་གཡར་ནས། དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཀྱི་ལས་འཆར་གཙོ་གནད་ཁག་ཅིག་གི་སྟེང་། རྒྱ་ནག་གི་ཤོག་སྒོར་ཐེར་འབུམ་༦༠༠ལྷག་ལོ་ལྔའི་འཆར་གཞི་ཐེངས་༡༤པ་སྟེ། སྤྱི་ལོ་༢༠༢༡ནས་༢༠༢༥བར་བཏང་དང་གཏོང་འཆར་ཡོད་པ་སོགས་འཁོད་ཡོད་ནའང་། ཨ་མི་རི་ཀའི་རང་དབང་ཁང་པའི་སྙན་ཐོ་ལྟར་ན། འཛམ་གླིང་ཁྱོན་དུ་བོད་ནི་རྒྱ་ནག་གི་དབང་བསྒྱུར་འོག་ཆབ་སྲིད་དང་སྤྱི་དམངས་ཀྱི་རང་དབང་མེད་པའི་གནས་སྟངས་སྡུག་ཤོས་ཀྱི་ལུང་པ་དེ་ཡིན་པར་ངོས་འཛིན་གནང་འདུག
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།