བོད་པའི་མི་རབས་གསར་པའི་ཁྲོད་རྒྱ་ནག་དམར་ཤོག་གི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་འདུག

རྒྱ་ནག་དབུས་གཞུང་གི་སློབ་གསོ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་སུན་ཡའོ་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་དུ་ཡོང་ནས་བོད་ནང་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་སློབ་གསོ་རྒྱ་བསྐྱེད་གཏོང་ཐབས་སྐོར་བོད་རང་སྐྱོང་ལྗོངས་ཟེར་བའི་ཆེས་མཐོའི་དཔོན་རིགས་ཚོ་དང་གླེང་མོལ་བྱས་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་ཟླ་ ༤་ཚེས་༢༥་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་གི་དྲུང་ཆེ་ཝུ་དབྱིང་ཅེ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་འཆི་དགྲ་ལྷས་རྒྱ་ནག་དབུས་གཞུང་གི་སློབ་གསོ་ལྷན་ཁང་གི་འགོ་ཁྲིད་སུན་ཡའོ་དང་གླེང་མོལ་བྱས་སྐབས་རྒྱ་ནག་ནས་བོད་ལ་སློབ་གསོའི་རོགས་སྐྱོར་ཟེར་བ་རྒྱ་ཆེ་རུ་གཏོང་རྒྱུ་གླེང་ཡོད་འདུག
བོད་ཀྱི་སློབ་གསོའི་ཁ་ཕྱོགས་གླེང་པའི་སྐབས། ཆབ་སྲིད་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་ངོས་འཛིན་བྱས་ཏེ་ཞིང་པ་དང་འབྲོག་པར་ཆེད་ལས་ལག་རྩལ་སློབ་གསོའི་སྦྱོང་རྡར་དང་རུ་ཁག་གི་རྣམ་པ་ཟེར་བའི་ཐོག་ནས་རྒྱ་ནག་ནས་བོད་ལ་སློབ་གསོའི་རོགས་སྐྱོར་ཟེར་བ་བྱ་རྒྱུ་སོགས་ཀྱི་ཐོག་ནས་སྒྲིག་གཞི་གཅིག་གྱུར་གྱི་འོག་སློབ་གསོར་ཤུགས་གནོན་རྒྱབ་སྟེ། རྒྱ་ནག་ཀྲུང་ཧྭ་མི་རིགས་ཟེར་བའི་ཐུན་མོང་གི་འདུ་ཤེས་ཡོད་པ་དང་། དུས་རབས་གསར་པའི་དམར་ཤོག་གིས་བོད་ལ་འཛིན་སྐྱོང་བྱེད་པའི་ཐབས་ཇུས་ལག་བསྟར་བྱེད་ཐུབ་མཁན་གྱི་མི་སྣ་གསོ་སྐྱོང་ཐུབ་པ་དགོས་ཚུལ་ནན་བརྗོད་བྱས་འདུག
བོད་ནང་ཡོད་པའི་བོད་མི་མང་པོ་ཞིག་གིས། ད་ལྟ་བོད་ནང་སློབ་གསོ་སྤེལ་ཕྱོགས་ལ་མི་འདོད་མཁན་ཡོད་པའི་ཐོག་སེམས་འཚབ་ཆེ་ཤོས་ནི་བོད་པའི་ཕྲུ་གུ་ཚོར་ཆུང་དུས་ནས་རྒྱ་མི་རིགས་ཀྱི་རིག་གཞུང་དང་དམར་པོའི་ལྟ་གྲུབ་ཀྱི་བསམ་བློའི་སློབ་གསོ་སྤྲད་དེ་བོད་པའི་མི་རབས་གསར་པ་ཚོ་རྒྱ་མི་རིགས་ལ་བསྒྱུར་རྒྱུའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། བོད་ཕྲུག་ཡིན་རུང་བོད་སྐད་བཤད་མི་ཤེས་མཁན་དང་བོད་མི་རིགས་ཀྱི་ཁྱད་ཆོས་མི་ལྡན་པ་བཟོ་རྒྱུའི་འཆར་གཞི་ངེས་ཅན་ཡིན་པ་བརྗོད་བཞིན་ཡོད་པ་རེད།
གནས་ཚུལ་རྒྱུས་ལོན་བྱས་པའི་བརྒྱུད་རིམ་ནང་བོད་ཀྱི་རྒྱལ་ས་ལྷ་སར་མཚོན་ན། སློབ་ཆུང་ནས་འགོ་བཙུགས་ཏེ་བོད་ཡིག་སློབ་ཚན་ཕུད་པའི་དེ་མིན་སློབ་ཚན་ཁག་རྒྱ་ཡིག་ཐོག་ནས་སློབ་ཁྲིད་བྱེད་མུས་ཡིན་པ་དང་། དེའི་བརྒྱུད་རིམ་ནང་རྒྱ་སྐད་བེད་སྤྱོད་ཤུགས་ཆེ་བྱས་ཏེ་བོད་པའི་ཕྲུ་གུ་མང་པོ་བོད་ནང་འཚར་ལོངས་བྱས་པ་ཡིན་རུང་བོད་སྐད་བཤད་སའི་ཁོར་ཡུག་ཉུང་རུ་ཕྱིན་པའི་དབང་གིས་བོད་སྐད་གཙང་མ་ཞིག་ཤོད་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག་ལ། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སློབ་སྦྱོང་གི་གོ་སྐབས་དང་ཁོར་ཡུག་མེད་པར་འགྱུར་བཞིན་ཡོད་པའི་ཁོངས་སུ་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་ལྟེ་གནས་སུ་གྱུར་པ་བོད་ཀྱི་དགོན་པ་ཁག་ནང་གྲྭ་བཙུན་འཛུལ་ཞུགས་ཀྱི་ལོ་ཚད་གཏན་བེབས་བྱས་པ་དང་། གྲངས་ཚད་བཟོས་པ་མ་ཟད། བོད་ཡིག་དང་ནང་ཆོས་རིག་གཞུང་སྦྱོང་འདོད་ཡོད་པའི་ཁྱིམ་པའི་སློབ་མ་གཅིག་ཀྱང་དགོན་པའི་ནང་སློབ་གཉེར་བྱེད་མི་ཆོག་པའི་བཀག་འགོག་བྱེད་མུས་རེད་འདུག
དམིགས་བསལ་འདི་ལོ་ནི་རྒྱ་ནག་གུང་ཁྲན་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་འཁོར་བ་ཟེར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པའི་འོག བོད་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་དམར་པོའི་ལྟ་བའི་སློབ་གསོ་དམིགས་བསལ་གྱི་ཤུགས་ཆེ་བ་སྤེལ་བཞིན་ཡོད་པ་གཞུང་འབྲེལ་གྱི་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བ་ཁག་ནས་ཤེས་རྟོགས་ཐུབ་པ་རེད་འདུག