རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་གྲོས་མོལ་གྱི་ཆེད་སྔོན་འགྲོའི་ཆ་རྐྱེན་སྐྱར་ཟློས་བྱས་པ་ནི། ཨ་རི་གཞུང་དང་། ཐེ་ཝན་གྱི་གཞུང་། བོད་མིའི་སྒྲིག་འཛུཊ་ཀྱི་དབར་འགལ་ཟླ་བཟོ་སླད་ཡིན་སྐོར་ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2025.02.11
རྒྱ་ནག་གཞུང་གིས་༧གོང་ས་མཆོག་ལ་གྲོས་མོལ་གྱི་ཆེད་སྔོན་འགྲོའི་ཆ་རྐྱེན་སྐྱར་ཟློས་བྱས་པ་ནི། ཨ་རི་གཞུང་དང་། ཐེ་ཝན་གྱི་གཞུང་། བོད་མིའི་སྒྲིག་འཛུཊ་ཀྱི་དབར་འགལ་ཟླ་བཟོ་སླད་ཡིན་སྐོར་ཐེ་ཝན་སྐུ་ཚབ་དོན་གཅོད་དང་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག བོད་མི་རྣམས་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་པ། ཟླ་ཚེས་མི་གསལ།
AP

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་གྷུའོ་ཇིཡ་ཀུན་ (Guo Jiakun) གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྱི་མ་འོངས་གནས་བབ་སྐོར་གྲོས་མོལ་བྱ་རྒྱུར་རྒྱ་ནག་གཞུང་གྲ་སྒྲིག་ཡོད་ཀྱང་།  རྒྱ་ནག་ཁ་བྲལ་གཏོང་པའི་ལངས་ཕྱོགས་དོར་དགོས་ཞེས་དང་། བོད་དང་ཐེ་ཝན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ཡོངས་ཁྱབ་ཐོག་ནས་ངོས་འཛིན་གནང་དགོས་ཞེས་ཕྱི་ཟླ་ ༢ ཚེས་ ༡༠ ཉིན་རྒྱུན་ལྡན་ཕྱི་སྲིད་ལས་ཁུངས་ཀྱི་གསར་འགོད་ལྷན་ཚོགས་ཐོག་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པའི་ཐད་བསམ་ཚུལ་དྲིས་པར་ལན་འདེབས་བྱས་པ་ཞིག་ཡིན་པ་རེད།  འོན་ཀྱང་འདི་སྐོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲྭ་རྒྱའི་ཐོག་བཀོད་པའི་རྒྱུན་ལྡན་གསར་འགོད་ལྷན་ཚོགས་ཀྱི་ཚིག་ཐོའི་ནང་གསལ་མི་འདུག   ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་རྒྱ་འབྲེལ་མོལ་གྱི་སྔོན་འགྲོའི་ཆ་རྐྱེན་དུ་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་དགོས་པ་སྔོན་ཆད་ཆ་རྐྱེན་འདི་ཐེངས་མང་བཏོན་ཟིན་པ་དང་། བར་ལམ་ནས་འདི་སྐོར་གླེང་མེད་ནའང་། དེང་སང་བསྐྱར་དུ་ཐེ་ཝན་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱེད་དགོས་ལུགས་གཤོད་བཞིན་པ་ནི། ཐེ་ཝན་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་དབར་འབྲེལ་ལམ་བཟང་དུ་ཕྱིན་པ་དང་མཉམ་ལས་ཤུགས་ཆེར་འགྲོ་བཞིན་པ།  ཨ་མི་རི་ཀའི་གཞུང་འཛིན་གསར་པ་སླེབས་པ་སོགས་ལ་བརྟེན། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་སེལ་རྒྱུའི་ལྷག་བསམ་རྩ་བ་ནས་མེད་པར། ཨ་མི་རི་ཀ་གཞུང་དང་། ཐེ་ཝན་གཞུང་། བོད་མིའི་སྒྲིག་འཛུགས་བཅས་ཀྱི་དབར་འགལ་ཟླ་བཟོ་འདོད་ཅིག་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

ཕྱི་ལོ་ ༡༩༩༨ ལོར་ཨ་རིའི་སྲིད་འཛིན་སྦིལ་ཁིལིནི་ཊན་ (Bill Clinton) རྒྱ་ནག་ཏུ་འཚམས་གཟིགས་སུ་བསྐྱོད་སྐབས། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཨ་རིའི་སྲིད་འཛིན་སྦིལ་ཁིལིནི་ཊན་དང་རྒྱ་ནག་གི་སྲིད་འཛིན་ཅང་ཙེ་མིན་ (Jiang Zemin) རྣམ་གཉིས་ཀྱིས་མཉམ་སྦྲེལ་གསར་འགོད་ལྷན་ཚོགས་གནང་སྐབས། ཅང་ཙེ་མིན་གྱིས་གལ་ཏེ་༧གོང་ས་༧སྐྱབས་མགོན་ཏཱ་ལའི་བླ་མས་བོད་འདི་རྒྱ་ནག་གི་ཁ་བྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་ངོས་ལེན་གནང་དགོས་པ་དང་།  ཐེ་ཝན་ཡང་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱས་ན། ངས་བསམ་པར་ང་ཚོའི་གྲོས་མོལ་གྱི་སྒོ་ཆེན་ཕྱེས་བསྡད་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད། 

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ད་རེས་རྒྱ་ནག་གཞུང་གིས་སོ་སོས་བཏོན་པའི་ཆ་རྐྱེན་དེ་ཚོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་བཞེས་གནང་ན་སྐད་ཆ་བཤད་ཆོག་གི་རེད་ཅེས་པ་དེ། གསར་འགོད་པའི་དྲི་བར་འདྲ་ཆག་པོའི་ལན་འདེབས་ཤིག་རེད་མ་གཏོགས་ནང་དོན་ཅི་ཡང་མེད་པ་སྟེ། གནས་ཚུལ་དེ་འདྲ་སྔ་མོ་ནས་བྱུང་མྱོང་བ་དཔེ་ན་ཨ་རིའི་སྲིད་འཛིན་སྦིལ་ཁིལིནི་ཊན་ (Bill Clinton) དང་རྒྱ་ནག་སྲིད་འཛིན་ཅང་ཙེ་མིན་གྱིས་གསར་འགོད་གསལ་བསྒྲགས་སྐབས། ཅང་ཙེ་མིན་གྱིས་ཧ་ལས་པའི་གལ་ཆེན་པོའི་སྒོ་ནས་བཤད་ཡོད་ནའང་། བོད་མིའི་ཕྱོགས་ནས་༸གོང་ས་མཆོག་དང་བོད་གཞུང་གིས་དེ་ཚོར་ཁས་ལེན་རྩ་བ་ནས་བྱས་མྱོང་མེད་ཅིང་། ལོ་རྒྱུས་ཐོག་ནས་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐེ་ཝན་རྒྱ་ཁོངས་ཡིན་མིན་ནི་ཐེ་ཝན་དང་རྒྱ་ནག་གི་གནད་དོན་ཞིག་ཡིན་པ་ལས་ང་ཚོ་བོད་དང་འབྲེལ་བ་མེད་ཅེས་གསུངས་ཏེ་ཁས་ལེན་བྱས་མེད་ནའང་། ཕྱོགས་ཕན་ཚུན་དབར་བོད་རྒྱ་ཞི་མོལ་ཐེངས་མང་མུ་མཐུད་འགྲོ་བསྡད་པ་ཞིག་ཡིན་པས། རྒྱ་ནག་གཞུང་གི་སྐད་ཆ་དེར་ལངས་ཕྱོགས་དང་སྲིད་ཇུས་ཤིག་ཡོད་པར་མཐོང་གི་མེད་ཅེས་འགྲེལ་བརྗོད་གནང་བྱུང་། 

རྒྱ་ནག་གཞུང་གིས་སྐབས་རེར་སྔོན་འགྲོའི་ཆ་རྐྱེན་དེ་འདྲ་བཏོན་མིན་ལ་མ་ལྟོར་པར། བོད་རྒྱ་འབྲེལ་མོལ་གྱི་རིམ་པ་ཧ་ཅང་མང་པོ་བྱུང་མྱོང་བ་སྟེ། ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་འགོ་ཁྲིད་ཏིང་ཞོ་ཕིན་ (Deng Xioping) གྱིས་༧སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་འབྲེལ་བ་བྱས་ཏེ་བོད་རྒྱ་འབྲེལ་མོལ་དབུ་འཛུགས་ཞུས་པ་ནས་བཟུང་། འབྲེལ་མོལ་དང་དངོས་དོན་རྟོག་ཞིབ་ཀྱི་སྐུ་ཚབ་ཚོགས་ཆུང་ཐེངས་འགའ་ཤས་བོད་ནང་ཕེབས་ཡོད་པ་རེད།  ཕྱི་ལོ་ ༡༩༨༦ ནས་འབྲེལ་མོལ་གྱི་བརྒྱུད་ལམ་ཆད་པར་བརྟེན།  ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གིས་ཕྱི་ལོ་ ༡༩༨༧ ནས་རྒྱ་ནག་དང་འབྲེལ་ལམ་བསྐྱར་དུ་གནང་དགོས་བྱུང་ཞིང་། ཕྱི་ལོ་༡༩༩༢ ལོར་ཡང་འབྲེལ་མོལ་བསྐྱར་མཐུད་རིམ་པར་གནང་ཡོད་པ་མ་ཟད། ཕྱི་ལོ་༡༩༩༨ ལོར་བོད་རྒྱ་འབྲེལ་མོལ་ཐད་ཕྱོགས་གཉིས་མི་མཐུན་པའི་འགལ་ཟླ་ཆེན་པོ་བྱུང་བར་བརྟེན། ཕྱི་ལོ་ ༢༠༠༠ ལོར་བསྐྱར་དུ་༸སྐུའི་གཅེན་པོ་མཆོག་རྒྱ་ནག་ཏུ་ཕེབས་ཏེ་འབྲེལ་མོལ་གྱི་བརྒྱུད་ལམ་བསྐྱར་གསོ་གནང་ཐབས་ཞུས་ཡོད་པར་བརྟེན། ཕྱི་ལོ་ ༢༠༠༢  ལོ་ནས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཡོ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་རྒྱ་ནག་ཏུ་ཐེངས་མང་ཕེབས་ཏེ། རྒྱ་ནག་གཞུང་དང་གྲོས་མོལ་རིམ་པ་ཐེངས་དགུ་གནང་སྟེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སྤྲད་ཡོད་ནའང་། རིམ་པས་བོད་དང་རྒྱ་ནག་དབར་བོད་རྒྱ་འབྲེལ་མོལ་གྱི་བརྒྱུད་ལམ་ཆད་ཡོད་པ་རེད།

དེའི་རྗེས་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་གི་དབར་ཡོངས་ཁྱབ་ཀྱི་འབྲེལ་མོལ་གནང་མེད་ཀྱང་།  ཕྱི་ལོ་ ༢༠༢༤ ཟླ་ ༥ དང་ཟླ་ ༦ པའི་ནང་ཐེངས་གསུམ་དང་ཕྱི་ལོ་ ༢༠༢༤ ཟླ་ ༧ པའི་་ཟླ་མགོར་རྒྱ་ནག་དང་ཐེངས་གཅིག་འབྲེལ་བ་བྱུང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་དམིགས་བསལ་བཅར་འདྲིའི་སྐབས་གསུངས་ཡོད་པ་རེད།། 

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།  བསྟན་འཛིན་པདྨ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎