སུད་སིར་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་བྱེད་འཆར་འདུག
2017.01.13

རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སུད་སིར་མ་འབྱོར་སྔོན་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་མཚམས་འཇོག་དགོས་ཀྱི་ཡོད་འདུག
དེ་ཡང་བདུན་ཕྲག་རྗེས་མའི་ནང་སུད་སིའི་ནང་རྒྱལ་སྤྱིའི་དཔལ་འབྱོར་ཚོགས་ཆེན་ཐེངས་ཞེ་བདུན་པ་ཚོགས་འཆར་ཡོད་པའི་སྟེང་། རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་མཉམ་ཞུགས་བྱ་རྒྱུ་ཡིན་པར་བརྟེན་སུད་སིའི་བོད་མི་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་འདུག་ཀྱང་སུད་སི་གཞུང་འབྲེལ་མི་སྣ་དང་། བོད་རིགས་མཐུན་ཚོགས་ཀྱིས་གྲོས་མོལ་བྱས་པ་བརྒྱུད་ནས་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་སུད་སི་རྒྱལ་ས་Bernནང་མ་ཕེབས་ཀྱི་གོང་བོད་མི་ཚོས་ངོ་རྒོལ་བྱེད་མཚམས་འཇོག་དགོས་བ་ཐག་གཅོད་བྱས་འདུག
དེ་ནི་ལོ་༡༨་སྔོན་རྒྱ་ནག་གི་སྲིད་འཛིན་སུས་སི་ནང་ཕེབས་པའི་སྐབས་སུ་བོད་རིགས་ངོ་རྒོལ་བ་ཚོ་དང་བདེ་འཇགས་མི་སྣ་བར་གདོང་ཐུག་བྱུང་ཡོད་པར་བརྟེན་ད་ཐེངས་དེ་ལྟར་མི་ཡོང་བའི་སྔོན་འགོག་ཆེད་ཡིན་པ་བརྗོད་འདུག
བོད་མི་ངོ་རྒོལ་བ་ཚོས་རྒྱ་ནག་གི་སྲིད་འཛིན་འབྱོར་རྒྱུར་ཆུ་ཚོད་གཉིས་ཡོད་པ་བར་ངོ་རྒོལ་བྱེད་ཆོག་གི་ཡོད་པ་རེད་ཅེས་བདེ་འཇགས་འགན་འཛིན་Reto Nause་ལགས་ཀྱིས་གསུངས་འདུག
སྤྱི་ལོ་༡༩༩༩ལོར་རྒྱ་ནག་གི་སྲིད་འཛིན་ཅིང་ཙེ་མེན་སུད་སི་ནང་གཟིགས་སྐོར་ཕེབས་སྐབས། སུད་སི་གྲོས་ཚོགས་ཀྱི་ཚོགས་ཁང་གྱི་ཁ་སྤྲོད་དུ། བོད་རང་དབང་ཞེས་པའི་འཕྲེད་དར་བསྒྲེངས་འཛུགས་བྱས་ཡོད་པ་མ་ཟད། བོད་མི་ངོ་རྒོལ་བ་ཚོས་རྒྱ་ནག་གི་སྐུ་ཚབ་ཚོའི་ཐོག་སྒོ་ང་བཞུ་གྲབས་བྱས་སྐབས་ཉེན་རྟོག་པས་བཀག་འགོག་བྱེད་དགོས་བྱུང་ཡོད། སྐབས་དེར་རྒྱ་ནག་གི་སྲིད་འཛིན་ཅིང་ཙེ་མིན་གྱིས། སུད་སི་དཔོན་རིགས་ཚོར་སོ་སོའི་ལུང་པ་རང་ཉིད་ཀྱིས་སྟངས་འཛིན་ཐུབ་མིན་གྱི་སྐོར་དྲི་བ་དང་། སུད་སི་རྒྱལ་ཁབ་ཀྱི་གྲོགས་པོ་ཡག་པོ་ཞིག་བརླག་ཉེན་འདུག་ཅེས་ངོ་རྒོལ་བ་ཚོའི་ཐོག་མི་དགའ་བའི་རྣམ་འགྱུར་བསྟན་ཡོད་འདུག
ད་ཐེངས་སུད་སི་གྲོས་ཚོགས་ཀྱི་ཚོགས་ཁང་གཡས་གཡོས་ཀྱི་ས་ཆ་ཁག གཟའ་ཉི་མའི་ཞོགས་པ་ནས་གཟའ་ཟླ་བའི་ཉིན་རྒྱབ་བར་དུ་སྒོ་རྒྱག་རྒྱུ་ཡིན་པ་རེད།
བོད་རིགས་ངོ་རྒོལ་བ་ཚོས་དུས་ཚོད་དང་གཏན་འབེབས་བྱས་པའི་ངོ་རྒོལ་བྱེད་ཡུལ་ས་གནས་དེ་དག་སུད་སི་བདེ་འཇགས་མི་སྣ་དང་གྲོས་འཐུན་བྱུང་ནས་གྲོས་ཚོགས་ཚོགས་ཁང་གི་ས་ཚུགས་གསུམ་ཙམ་གྱི་རྒྱང་ཐག་ས་ནས་ངོ་རྒོལ་བྱེད་འཆར་ཡོད་འདུག
རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གོང་ཞུས་སུད་སི་གྲོང་སྡེས་བོད་རིགས་ངོ་རྒོལ་མཁན་ཚོར་རྒྱ་ནག་གི་སྐུ་ཚབ་ཚོས་མཐོང་ས་མེད་པའི་ས་ཆ་ཞིག་ལ་ལས་འགུལ་སྤེལ་བཅུག་པ་ནི་འདུ་འཛོམས་རང་དབང་དང་སྨྲ་བརྗོད་རང་དབང་ལ་ཚབ་ཆེན་བཀག་བསྡོམས་བྱེད་པ་ཞིག་ཡིན་པའི་སྐྱོན་བརྗོད་གནང་འདུག
རྒྱ་ནག་གི་སྲིད་འཛིན་རེས་གཟའ་ཉི་མ་ཉིན། སུད་སི་གྲོང་ཁྱེར་ཛུས་རི་ཁུལ་དུ་ཕེབས་རྒྱུ་དང་། དེའི་རྗེས། སུད་སི་རྒྱལ་ས་བེ་ལ་ཉིན་རྒྱབ་གསོལ་སྟོན་རྒྱས་པོ་ཞིག་ཐོག་ཕེབས་རྒྱུ་ཡིན་པ་རེད། དེ་བཞིན་ཕྱི་ཚེས་༡༦་གཟའ་ཟླ་བ་ཉིན་སུད་སི་དཔོན་རིགས་ལྷན་མཇལ་འཕྲད་དང་དེ་ནས་སུད་སི་Devos་ཚོགས་རྒྱུ་ཡིན་པའི་འཛམ་གླིང་དཔལ་འབྱོར་ལྷན་ཚོགས་ཐོག་བཅར་གནང་རྒྱུ་ཡིན་པ་རེད།
རྒྱ་ནག་དང་སུད་སི་ཡུལ་གྲུ་གཉིས་དབར་༢༠༡༤་ལོར་ཚོང་ལས་རང་དབང་གི་སྒོ་མོ་འབྱེད་རྒྱུའི་གྲོས་མཐུན་བྱུང་བ་དང་། སུད་སི་བཟོ་ལས་ཁང་གིས་རྒྱ་ནག་དེ་ཁྲོམ་ར་གལ་ཆེན་པོ་ཞིག་བརྩི་ཀྱི་ཡོད་པ་རེད་འདུག།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།