སུད་སིར་བོད་ཀྱི་དུས་སྟོན་ཞིག་སྲུང་བརྩི་ཞུས་ཡོད་པ་རེད།
2008.10.06
༄༅༎ཕྱི་ཚེས་བཞི་ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ལྦ་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཨོ་ནེག་སི་ཞེས་པའི་གྲོང་ཁྱེར་ལས་ཁུངས་ཐུན་མོང་གིས་གོ་སྒྲིག་འོག་ཨོ་ནེག་སི་གྲོང་ཁྱེར་ནང་བོད་ཀྱི་དུས་སྟོན་ཞིག་སྲུང་བརྩི་ཞུས་ཡོད་པ་རེད་
སུད་སི་ནང་བཅའ་བཞུགས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ས་གནས་ཀྱི་སྲིད་དོན་གྱི་དཔོན་རིགས་རྣམས་ལ་བོད་རྒྱའི་འབྲེལ་མོལ་གྱི་གནས་བབ་དང་འདི་ལོ་གསུམ་བཅུའི་དུས་དྲན་སྐབས་བོད་རྒྱ་ཁྱབ་ཏུ་ཞི་རྒོལ་བྱུང་བ་ནས་བཟུང་བོད་ནང་གི་བོད་མི་རྣམས་ཀྱི་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་ཡོད་སྐོར་གསལ་འགྲེལ་གནང་འདུག ཡང་དེང་སྐབས་སུད་སི་ནང་བཅའ་བཞུགས་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཕུན་ཚིགས་ཉི་སྒྲོན་ལགས་ཀྱིས་ཁོ་མོ་རྒྱ་མིའི་བཙོན་ཁང་ནང་ལོ་ངོ་བཅོ་ལྔ་རིང་སྡུག་སྦྱོང་མྱོང་ཚོར་སྐོང་མང་ཚོགས་ཐོག་གསལ་བཤད་གནང་ཡོད་པ་རེད་ ཁོང་དེ་སྔོན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བཙུན་མ་གཞན་ཁག་ཅིག་གི་ལྷན་དུ་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པ་དང་བོད་རང་བཙན་ཡིན་པའི་སྐད་འབོད་གནང་བར་ལོ་ངོ་བཅོ་ལྔ་རིང་བཙོན་བཅུག་ཕོག་པ་ཞིག་ཡིན་པ་དང་ཁོང་ཕྱི་ལོ་༢༠༠༤ལོར་བཙོན་བཀྲོལ་ཐོབ་པ་ཞིག་ཡིན་པ་རེད་ གོང་ཞུས་སུད་སིའི་གྲོང་ཁྱེར་ཨོ་ནེག་སི་ཞེས་པའི་ནང་གི་བོད་ཀྱི་དུས་སྟོན་སྲུང་བརྩིའི་དགོང་དྲོ་དེར་སུད་སི་ནང་བཅའ་བཞུགས་ནེ་ལུང་ཚེ་རིང་སྟོབས་ལྡན་ལགས་ཀྱིས་གོ་སྒྲིག་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་ཁག་ཅིག་ཡང་གཟིགས་འབུལ་ཞུས་ཡོད་པ་རེད་ དེ་མ་ཟད་ཁུལ་དེའི་ཡུལ་མི་རྣམས་ཀྱིས་རྒྱུན་དུ་བེད་སྤྱོད་བྱེད་པའི་ཕེརན་སིའི་སྐད་གདངས་ཐོག་བོད་ཀྱི་རྒྱལ་རབས་ཞེས་པའི་གློག་བརྙན་དེ་ཡང་གཟིགས་འབུལ་ཞུས་ཡོད་པ་རེད་