བཀའ་བློན་མཆོག་གིས་ཇི་ནི་ཝའི་ལྷན་ཚོགས་སུ་བོད་དོན་གཏམ་བཤད།
2015.02.25
ཕྱི་དྲིལ་བཀའ་བློན་མཆོག་གིས་ཇི་ནི་ཝའི་ལྷན་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་ཞིབ་ཕྲ་གནང་འདུག
དེ་ཡང་ཕྱི་ཟླ་༢ཚེས་༢༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་ཇི་ནི་ཝའི་ལྷན་ཚོགས་༢༠༡༥ཞེས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ཞེས་པའི་བརྗོད་གཞིའི་ཐོག་གི་ལྷན་ཚོགས་དབུ་འབྱེད་སྐབས། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་ཞིབ་ཕྲ་གནང་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག ལྷན་ཚོགས་འདིའི་ཐོག་བཀའ་བློན་མཆོག་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཐོག་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་ཕྱི་ལོ་༢༠༠༩ནས་ད་བར་བོད་ཆོལ་ཁ་གསུམ་ནས་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་མེད་ཀྱི་བོད་མི་༡༣༥ཙམ་གྱིས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་ཡོད་པའི་གནས་ལུགས་དྲན་སྐུལ་གནང་འདུག བཀའ་བློན་མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གསུངས་དོན། རྒྱ་ནག་གཞུང་གིས་གང་ཟག་སྒེར་གྱི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་བའི་གནས་ཚུལ་དེ་འདྲ་ཧ་ཅང་མང་པོ་ཡོད་པའི་ཁྲོད་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ལ་གཟིགས་སྐབས་བོད་ནང་དེང་སྐབས་ཆོས་དད་རང་དབང་ཇི་ཙམ་ཡོད་མེད་ཤེས་རྟོགས་ཐུབ་རྒྱུ་ཡིན་ལ་ཁོང་དང་འདྲ་བའི་བོད་མི་གཞན་གར་སོང་ཆ་མེད་དུ་གྱུར་བ་དང་འཛིན་བཟུང་བཀག་ཉར་བྱས་པ། རྡུང་རྡེག་མནར་གཅོད་ཕོག་པའི་གནས་ཚུལ་བསྟུད་མར་འབྱོར་སྐབས་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཇི་ཙམ་གཏོང་བཞིན་ཡོད་པ་ང་ཚོར་དྲན་སྐུལ་ཡང་ཡང་གཏོང་བཞིན་འདུག་ཅེས་གསལ་འདོན་གནང་འདུག ཡང་བོད་དོན་འཐབ་རྩོད་ཀྱི་ཐད་ནས་ བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་སྟེ་ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་གཅིིག་ཐོབ་ཐབས་བྱེད་བཞིན་ཡོད་པ་དང་། དེ་ལྟར་བྱུང་ན་བོད་མིའི་རིག་གཞུང་གི་ངོ་བོ་དང་ཆེས་མཐོང་སླར་གསོ་ཡོང་ངེས་ཡིན་སྐོར་ནན་བརྗོད་གནང་འདུག གོང་གསལ་ཇི་ནི་ཝའི་ལྷན་ཚོགས་༢༠༡༥ཞེས་པ་འདིའི་ཐོག་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། གསར་འགོད་པ། སློབ་ཕྲུག་ཚོགས་པའི་ཚོགས་གཙོ། དེ་བཞིན་མང་གཙོ་དོན་གཉེར་བ་སོགས་མི་གྲངས་བརྒྱ་ཕྲག་ལྷག་ཙམ་འདུ་འཛོམས་བྱུང་འདུག་ལ་ལྷན་ཚོགས་འདི་བཞིན་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་ཚོགས་པ་༢༠ཙམ་གྱིས་ཟུང་འབྲེལ་གོ་སྒྲིག་ཞུས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།