ཨ་རིའི་གྲོས་ཚོགས་ནང་བོད་དོན་ཉན་ཞིབ་རྣོ་ངར་ལྡན་པ་བྱུང་བ།
2015.07.14
ཨ་མི་རི་ཀའི་གཞུང་གིས་བོད་དོན་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུཊ་སྤྲོད་ཕྱོཊ་ཐད་ཉན་ཞིབ་རྒྱས་པོ་ཞིག་གནང་ཡོད་པ།
དེ་ཡང་སྤྱི་ལོ་༢༠༡༥སྤྱི་ཟླ་༧་ཚེས་༡༤ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་གིས་། ཨ་མི་རི་ཀའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་། ཨ་མི་རི་ཀ་གཞུང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ལས་དོན་འགན་འཁུར་བ་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་ལྕམ་Sarah Sewall་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་Richard Gere འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ལྕམ་Siphie Richardson ཨ་མི་རི་ཀའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་བཅས་མགྲོན་འབོད་ཀྱིས། བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་དང་། ཨ་མི་རི་ཀའི་གཞུང་གིས་བོད་དོན་གྲོས་མོལ་ཡོང་ཐབས་སུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་ཕྱོགས་ཀྱི་ཐད་ཉན་ཞིབ་རྒྱས་པོ་ཞིག་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་ཆུང་གི་ཚོགས་གཙོ་Jim McGovernམཆོག་གིས་ཉན་ཞིབ་དབུ་བཙུགས་ཀྱི་ཐོག་མར། རྒྱ་ནག་ལ་བོད་དོན་ཐད་གྲོས་མོལ་དང་། བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ཡར་རྒྱས་དགོས་པའི་རེ་འདུན་ཇི་ཙམ་བཏོན་ཡང་བཟང་ཕྱོགས་ཀྱི་ཡ་ལན་ཞིག་མཐོང་རྒྱུ་མེད་པ་དང་། གནས་སྟངས་དེར་ལེགས་བཅོས་ཞིག་མ་བྱུང་བ་ཡིན་ན་ང་ཚོས་བསམ་བློ་གསར་པ་ཞིག་གཏོང་དགོས་པ་ཆགས་ཀྱི་ཡོད་པས་དེའི་ཐད་ཚང་མས་དགོངས་འཆར་གནང་དགོས་པ་གསུངས་ཞིང་། ཁོང་གིས་རྒྱལ་སྤྱིའི་ནང་ཚང་མས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བརྩི་དང་། བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་ཡོད་པ་བརྗོད་བཞིན་ཡོད་པས། ད་ཆ་དོན་དམ་པས་བོད་ནང་གི་གནས་སྟངས་ལ་ཡར་རྒྱས་དང་བོད་ཀྱི་དཀའ་རྙོག་དེ་སེལ་དགོས་ན་ནུས་པ་ཐོན་པའི་ཕྱག་ལེན་མི་འདྲ་བ་གནང་དགོས་པའི་དུས་ལ་བབས་འདུག་ཅེས་གསུངས་ཡོད་པ་རེད།
ད་རེས་གྲོས་ཚོགས་ཀྱི་ཉན་ཞིབ་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་Nancy Pelosiདང་། གྲོས་ཚོགས་ཀྱི་ཚོགས་ཆུང་རིམ་པའི་དབུ་ཁྲིད་མང་པོ་ཞིག་ཕེབས་ནས་ཁོང་རྣམས་ཀྱིས་ཉན་ཞིབ་ཀྱི་ཐོག་མར་རྒྱ་ནག་གི་བཙོན་འོག་ཏུ་རྐྱེན་འདས་སུ་ཕྱིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་གྲགས་ཅན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་ལ་རྗེས་དྲན་གྱི་མྱ་ངན་གུས་འདུད་ཞུས་གནང་སོང་།
སྐབས་དེར་ལྕམ་Nancy Pelosiམཆོག་གི་གཙོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་རྒྱ་ནག་གཞུང་ལ་ཉུང་མཐར་ཡང་ངོ་ཚ་ཁྲེད་གཞུང་ཡོད་ན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་་རྩིས་སྤྲོད་དགོས་པ་གསུངས་ཡོད་པ་དང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་གཞོན་ཕྱག་རོགས་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ Sarah Sewallམཆོག་གིས། ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་ལ་རིན་པོ་ཆེ་མཆོག་གི་སྐུ་ཕུང་ཁོང་གི་ནང་མིར་རྩིས་སྤྲོད་དགོས་པ་གསུངས་རྒྱུ་བྱུང་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་Richard Gereམཆོག་གིས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་མང་པོའི་གནས་སྟངས་འདྲ་པར་དང་བཅས་ངོ་སྤྲོད་གནང་བ་དང་། ཁོང་གིས་ཨ་མི་རི་ཀའི་གཞུང་གི་ཐོག་ནས་འཆར་ཟླའི་ཕྱི་ཟླ་༩པའི་ནང་། རྒྱ་ནག་གི་སྲིད་འཛིན་Xi Jinpingཨ་མི་རི་ཀར་གཞུང་འབྲེལ་གཟིགས་སྐོར་ལ་སྣེ་ལེན་སྐབས་བོད་ཀྱི་གནད་དོན་ལ་གྲོས་མོལ་དགོས་པའི་ཐད་གནོན་ཤུགས་གང་ཡོད་སྤྲོད་དགོས་ཀྱི་ཡོད་པ་གསུངས་ཡོད་པ་རེད། ད་དུང་ཁོང་གིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་ནི་དཀའ་ངལ་གྱི་གཞི་རྩ་ལྟ་བུར་རྩིས་ཏེ། མཚན་སྨད་སྐྱོན་བརྗོད་འདྲ་མིན་སྣ་ཚོགས་ཞུ་བཞིན་པ་མཚམས་འཇོག་དགོས་པ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་དོན་དངོས་ལ་རྒྱ་ནག་ལྷན་བོད་ཀྱི་དཀའ་རྙོག་སེལ་ཐབས་ལ་གུ་ཡངས་ཀྱི་དགོངས་པ་བཞེས་མཁན་ཐབས་ལམ་ཡག་ཤོས་ཤིག་ཡིན་པས་དེ་ལྟར་ངོས་འཛིན་ཐུབ་པ་བཟོ་དགོས་ཀྱི་ཡོད་པ་གསུངས་ཡོད་པ་རེད། ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཨ་མི་རི་ཀའི་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་༧གོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའི་ལམ་གྱི་སྲིད་ཇུས་ལ་ཡིད་ཆེས་གནང་གི་ཡོད་ཅིང་། ཐབས་ལམ་དེ་གཞིར་བཞག་ཀྱི་ཐོག་ནས་བོད་རྒྱ་གྲོས་མོལ་ལ་ཞུགས་རྒྱུར་གྲ་སྒྲིག་ཨང་སར་ཡོད་པ་གསུངས་ཡོད་པ་རེད།
གྲོས་ཚོགས་ཀྱི་ཉན་ཞིབ་གཙོ་སྐྱོང་བ་འཐུས་མི་Jim McGovernམཆོག་གིས། ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་མཉམ་རུབ་ཀྱི་གྲོས་ཚོགས་འཐུས་མིའི་ལྟ་ཞིབ་ཚོགས་པ་ཞིག་བོད་ནང་གི་གནས་སྟངས་རྟོགས་ཞིབ་ཆེད་བལྟ་བསྐོར་ལ་བསྐྱོད་དགོས་པའི་ཐད་ལའང་ནང་མོལ་གོ་བསྡུར་བྱ་དགོས་པ་ཞིག་གྱུར་འདུག་ཅེས་གསུངས་ཡོད་པ་རེད། ད་རེས་གྲོས་ཚོགས་ཀྱི་ཉན་ཞིབ་དེ་ནི་དེ་སྔའི་ཉན་ཞིབ་ཁག་དང་མི་འདྲ་བར་དམིགས་བསལ་གྱི་རྣོ་ངར་ཆེན་པོ་ཞིག་དང་། དོ་འཁུར་ཆེ་བའི་རྣམ་པ་ཞིག་བྱུང་ཡོད་པ་དང་། དེ་ནི་ད་རེས་ཨ་རིའི་ནང་༧གོང་ས་མཆོག་གི་སྐུའི་གྱ་སྟོན་གཟབ་རྒྱས་ཞིག་ཞུས་པའི་རྗེས། ༧གོང་ས་མཆོག་གི་དགོངས་བཞེས་དང་བོད་མི་མང་གི་རྩ་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་ཙམ་བྱེད་དགོས་ཀྱི་འདུག་མཉམ་པའི་ཚོར་སྣང་གསལ་པོ་ཞིག་དང་། གཉིས་ནས་རྒྱ་ནག་གི་སྲིད་འཛིན་Xi Jinpingཕྱི་ཟླ་༩་པའི་ནང་ཨ་མི་རི་ཀར་གཞུང་འབྲེལ་གཟིགས་སྐོར་ལ་ཕེབས་ཀྱི་ཡོད་པའི་གོ་སྐབས་དང་བསྟུན་གྲོས་ཚོགས་ནང་འཐུས་མི་ཚོས་ཨ་མི་རི་ཀའི་སྲིད་འཛིན་ཕོ་བྲང་དང་ཕྱི་སྲིད་ལས་ཁུངས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དེ་རྩ་དོན་གལ་ཆེའི་ཁོངས་སུ་ངོས་འཛིན་གྱིས་གྲོས་མོལ་དགོས་པའི་མདུན་པ་གསལ་སྟོན་གནང་ཆེད་ཡིན་པ་རེད།
ཉན་ཞིབ་ལྷན་ཚོགས་དེའི་ཐོག ད་ལྟའི་བོད་ནང་གི་གནས་སྟངས་དང༌། དེ་བཞིན་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་བའི་གནས་སྟངས། གནས་སྟངས་དེས་རྐྱེན་པས་ཨ་རིའི་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ཤུགས་རྐྱེན་ག་རེ་ཐེབ་ཀྱི་ཡོད་མེད་སོགས་ཀྱི་ཐོག་ལའང་བགྲོ་གླེང་གནང་ཡོད་པ མ་ཟད་ད་ཐེངས་ཀྱི་གྲོས་ཚོགས་ཀྱི་ཉན་ཞིབ་ཚོགས་རའི་ནང་རྒྱ་ནག་གི་བཙོན་འོག་ན་ཡོད་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློ་བུར་བཙོན་ཁང་ནང་སྐུ་གྲོངས་སོང་ཟེར་བའི་གནས་ཚུལ་དང་འབྲེལ་ཆགས་སྐོར་ཡང་གླེང་སློང་ཤུགས་ཆེ་ཞིག་བྱས་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།