ཉི་ཧོང་ནང་བོད་ཀྱི་དུས་སྟོན་ཚོགས་པར་ས་གནས་ཡུལ་མི་དང་ཡུལ་སྐོར་བ་སོགས་ཀྱིས་དོ་སྣང་ཆེན་པོ་གནང་ཡོད་འདུག

2023.05.08
ཉི་ཧོང་ནང་བོད་ཀྱི་དུས་སྟོན་ཚོགས་པར་ས་གནས་ཡུལ་མི་དང་ཡུལ་སྐོར་བ་སོགས་ཀྱིས་དོ་སྣང་ཆེན་པོ་གནང་ཡོད་འདུག ཉི་ཧོང་ནང་བོད་ཀྱི་དུས་སྟོན་ཚོགས་སྐབས། ༠༥།༠༣།༢༠༢༣
Office of Tibet, Japan

ཉི་ཧོང་ནང་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་བོད་ཀྱི་དུས་སྟོན་ཞེས། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས་སོགས་ངོ་སྤྲོད་ཀྱི་ལས་རིམ་ཞིག་སྤྱི་ཟླ་༥པའི་ཚེས་༣ནས་ཉིན་གཉིས་རིང་གོ་སྒྲིག་གནང་ཡོད་པ་དང་། དུས་སྟོན་དེ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་སྐབས་བོད་དང་འབྲེལ་ལམ་ཟབ་པ། ཉི་ཧོང་གི་རྒྱལ་ས་ཏྲོ་ཁེ་ཡོ་ནང་རྟེན་གཞི་བྱས་བའི་ཉི་ཧོང་གི་(Tsukiji Hongwanji)་དགོན་རྙིང་དུ་དུས་སྟོན་འཚོགས་ཐུབ་ཡོད་པར་བརྟེན། ཉི་ཧོང་ནང་གི་བོད་དོན་རྒྱབ་སྐྱོར་བ་དང་ལྗོངས་རྒྱུ་ལྟ་སྐོར་བ་སོགས་དེ་ལ་ཡོང་མཁན་ཚང་མས་དོ་སྣང་དང་དགའ་མོས། རྗེས་སོར་ཡང་བོད་ཀྱི་གནས་ཚུལ་ཇི་མང་ཤེས་རྟོགས་ཀྱི་ཆེད། དུས་སྟོན་དེ་འདྲ་གོ་སྒྲིག་གི་ཐུགས་རེ་གནང་ཡོད་པ་སོགས་ཉི་ཧོང་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དུས་སྟོན་དེར་གཙུག་ལག་ཁང་དེའི་སྐུ་ཚབ་དང་བླ་ཆེན་སོགས་ནས་གསུང་འཕྲིན་ཕེབས་ཏེ་བསྔགས་བརྗོད་གནང་ཡོད་པ་མ་ཟད། འདས་པའི་ལོ་རྒྱུས་ཀྱི་འབྲེལ་ལམ་བསྐྱར་གསོ་དང་ཉི་ཧོང་གི་མི་ལ་འགྲེལ་བརྗོད་གནང་ཐུབ་པར་ཡི་རང་ཡོད་པར་གསུང་ཡོད་པ་དང་ཆབས་ཅིག ཉི་ཧོང་གི་དགེ་རྒན་ཆེན་མོ་དེ་འདྲས་ཉི་བོད་འབྲེལ་བའི་ལོ་རྒྱུས་ངོ་སྤྲོད་དང་། དགེ་བཤེས་རྣམ་པ་ཁག་ཅིག་གིས་ནང་ཆོས་དང་སྒོམ་གྱི་སྐོར་ངོ་སྤྲོད་གནང་བ། རྩོམ་པ་བོ་ཚོས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་བ། བོད་མི་དང་ཉི་ཧོང་གི་སྒྱུ་རྩལ་བ་ཚོས་གཞས་སྣ་འཁྲབ་སྟོན་དང་བོད་ཀྱི་ཟས་སྣ་མཆོད་པ་དང་ཅ་ལག་ཚོང་བ་སོགས་ལས་རིམ་བསྐྱངས་ཡོད་འདུག

Tibet Japan (1).JPG
ཉི་ཧོང་བོད་ཀྱི་དུས་སྟོན་འཚོགས་ཡུལ་གྱི་གཙུག་ལག་ཁང་ངམ་དགོན་པ་རྙིང་པ་(Tsukiji Hongwanji)་ནི། ཉི་ཧོང་གི་རྒྱལ་ས་རྙིང་པ་ཁྱོ་ཏོ་ནང་གི་ཉི་ཤུ་ཧོང་ཀང་ཅཱི་དགོན་པའི་ཡན་ལག་ཡིན་པ་དང་། དགོན་པ་དེ་ནི་སྔ་མོ་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དང་བར་འབྲེལ་བ་ཆགས་ཏེ། ཁོང་ཚོའི་གྲྭ་བ་ཁ་ཤས་བོད་ལ་ཕེབས་ནས་སློབ་གཉེར་གནང་ཡོད་པ་མ་ཟད། བོད་ནས་ཀྱང་ཚ་བ་ཁྲི་སྤྲུལ་རིན་པོ་ཆེ་དང་དགེ་འདུན་པ་འགའ་དགོན་པ་དེར་བཞུགས་ཏེ་སློབ་གཉེར་གནང་མྱོང་བའི་ཁར། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༧སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་ཀྱང་དགོན་པ་འདིར་བཞུགས་མྱོང་བའི་ལོ་རྒྱུས་ཡོད་པ་དང་། ཉི་ཧོང་བོད་ཀྱི་དུས་སྟོན་ནི་ཟས་རིགས་དང་གཞས་ཞབས་བྲོ། རིག་གཞུང་ངོ་སྤྲོད་སོགས་བརྒྱུད་ནས་ཉི་ཧོང་གི་སྤྱི་ཚོགས་དང་བོད་མིའི་བར་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་བའི་དམིགས་ཡུལ་བཟུང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎