ཉི་ཧོང་གི་གྲོས་ཚོགས་གོང་མའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་བློ་འཚབ་ཡོད་པའི་གྲོས་ཆོད་བཞག་འདུག
དེ་ཡང་ཉི་ཧོང་གི་(Kyodo)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཟླ་༡༢པའི་ཚེས་༥ཉིན་ཉི་ཧོང་གི་གྲོས་ཚོགས་གོང་མའི་ནང་མང་མོས་འོས་བསྡུའི་ཐོག་ནས། རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་། ནང་སོག་དེ་བཞིན་ཧོང་ཀོང་སོགས་ཀྱི་ནང་ཆོས་དད་རང་དབང་ལ་རྡོག་རོལ་དང་མང་ཚོགས་རྣམས་བཙན་དབང་གི་སྒོ་ནས་བཀག་སྐྱིལ་བྱེད་བཞིན་པའི་གནད་དོན་དང་འབྲེལ་ནས་ཡུལ་དེ་དག་གི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པའི་བློ་འཚབ་ཡོད་པ་གསལ་བཏོན་དང་སྦྲགས་དེ་དང་འབྲེལ་བའི་གྲོས་ཆོད་གཅིག་བཞག་གནང་ཡོད་འདུག
ཉི་ཧོང་གི་གྲོས་ཚོགས་གོང་མའི་འཐུས་མི་རྣམ་པས་གྲོས་ཆོད་དེ་བཞག་གནང་སྐབས། རྒྱ་ནག་ཞེས་ཐད་ཀར་མིང་འདོན་མེད་ནའང་གྲོས་ཆོད་དེའི་བརྒྱུད་ནས་ཉི་ཧོང་གཞུང་གིས་རྒྱ་ནག་ལ་འགན་འཁུར་ལྡན་པ་ཞིག་བཟོ་དགོས་པའི་སྐུལ་མ་གནང་ཡོད་པ་མ་ཟད། བོད་དང་ཤིན་ཅང་། ནང་སོག དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱུས་ལོན་ཐུབ་པ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་ཐོག་ནས་ཐབས་ལམ་ཞིག་འཚོལ་ཐབས་གནང་བ་བརྒྱུད་མངའ་ཁུལ་དེ་ཚོའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བྱ་ར་དང་གནོད་འཚེ་ཕོག་མཁན་ཚོར་ཉེན་སྐྱོབས་གནང་དགོས་སྐོར་འཁོད་ཡོད་པ་རེད།
དེའི་ཐད་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་བྱེད་བཞིན་པ་ལྟར། ཉི་ཧོང་གཞུང་གི་ངོས་ནས་དེ་ལྟར་དོ་སྣང་དམ་ཟབ་ཡོང་དགོས་བ་དང་། དེའི་ཐད་ཉི་ཧོང་གཞུང་གི་ལངས་ཕྱོགས་ཁ་གསལ་བརྟན་པོ་བཟོ་དགོས་བ་སོགས་འཁོད་ནས་གྲོས་ཚོགས་སུ་གྲོས་ཆོད་དེ་བཞག་པ་རེད། དེ་སྔ་སྤྱི་ཟླ་༢བར་གྲོས་ཚོགས་འོག་མའི་ནང་གཅིག་མཚུངས་ཀྱི་གྲོས་ཆོད་བཞག་ཡོད། དེ་ནི་ང་ཚོ་བོད་དང་ཡུ་གུར། ལྷོ་སོག་པོ་སོགས་ལ་རྒྱལ་ཁ་ཆེན་པོ་ཞིག་ཡིན་པ་གསུང་བྱུང་།
རྒྱ་ནག་དང་ཉི་ཧོང་བར་གཞུང་འབྲེལ་བསྐྱར་གསོ་གནང་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་འདི་ལོ་སྲུང་བརྩི་གནང་ཡོད་པར་བརྟེན། གོང་ཞུས་གྲོས་ཆོད་ནང་རྒྱ་ནག་གི་མིང་ཐད་ཀར་བཏོན་མེད་ཀྱང་གོང་ཞུས་གྲོས་ཆོད་ནང་ཤར་ཏུར་ཀིསུ་ཐན་རང་སྐྱོང་ལྗོངས་དང་། བོད། ནང་སོག་དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་ཆོས་དད་རང་དབང་གཙོ་བོར་བྱས་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་བློ་འཚབ་གནང་གི་ཡོད་སྐོར་དང་འབྲེལ་ཨ་མི་རི་ཀས་རྒྱ་ནག་གིས་ཤར་ཏུར་ཀིསུ་ཐན་གྱི་ཡུ་གུར་མི་རིགས་གཙོས་ཁ་ཆེའི་མི་རིགས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་ནག་ཉེས་བཙུགས་བྱས་ཡོད་པ་ལུང་འདྲེན་གནང་འདུག
ཉེ་ལམ་སྤྱི་ཟླ་༩པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཉི་ཧོང་དུ་བདུན་ཕྲག་གཅིག་གི་རིང་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་གནང་ནས། ཉི་ཧོང་ནང་གཙོ་བོ་ཉི་ཧོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་མཇལ་མོལ་དང་། ཉི་ཧོང་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་༡༣ཙམ་དང་མཉམ་མཇལ་མོལ་གནང་ཡོད་པ་རེད།
ཉི་ཧོང་གྲོས་ཚོགས་འོག་མས་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་། པེ་ཅིང་དུ་དགུན་དུས་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་མ་ཚུགས་པའི་གོང་དེར། དེ་མཚུངས་ཀྱི་གྲོས་ཆོད་བཞག་ཡོད་པ་དང་། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཡོ་ཤི་མ་ས་ཧ་ཡ་ཤེ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་བཟང་དུ་གཏོང་རྒྱུར་གྲ་སྒྲིག་ཡོད་ལུགས་དང་། རྒྱལ་ཁབ་ཚང་མས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་གནང་ཡོད་པ་རེད།
གསར་འགོད་པ། ཀརྨ་རྒྱ་མཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།