ཨ་རིའི་གྲོས་ཚོགས་ནང་བོད་དོན་ཞུ་གཏུགས།
2013.03.18

༄༅།།ཨ་མེ་རི་ཀའི་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ད་རིང་ཕྱི་ཚེས་༡༨དང་སང་ཉིན་ཕྱི་ཚེས་༡༩ཉིན་གཉིས་རིང་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ལ་ཆེད་ཕེབས་ཀྱིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་སོང༌། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དེ་ནི་ཕྱི་ལོ་༢༠༠༨་ལོར་དབུ་འཛུཌ་གནང་སྟབས་ད་རེས་ཀྱི་ཞུ་གཏུགས་ཀྱི་ལས་འགུལ་དེ་ནི་ཐེངས་ལྔ་པ་དེ་ཡིན་འདུག དེང་སྐབས་བོད་ནང་གི་བོད་མི་མང་པོས་རང་ལུས་མེར་བསྲེགས་ནས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་རྔམ་སྟོན་གཅིག་རྗེས་གཉིས་མཐུད་ཀྱི་གནང་བཞིན་པའི་ཛ་དྲག་ཆེ་ལ་ཡིད་ཧ་ཅང་སྐྱོ་བའི་གནས་ཚུལ་རིམ་པ་མང་པོ་ཐོན་དང་ཐོན་བཞིན་པའི་སྐབས་འདིར་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་འདིའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་སྔར་བས་མང་བ་ཕེབས་ཡོད་སྐོར་འདི་ག་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་བསྟན་ཆོས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང༌། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུགས་ཆེད་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་ཞུ་གཏུགས་གནང་ཕྱོགས་སོགས་ཀྱི་ཐད་ཕྱག་ཚོད་གཉིས་ལྷག་ཙམ་རིང་ཟབ་སྦྱོང་ཞིག་ཀྱང་ཁ་ས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནང་གནང་སོང་། ཞུ་གཏུགས་ཆེད་ཕེབས་པ་ཕལ་མོ་ཆེ་བོད་པའི་གཞོན་སྐྱེས་རེད་འདུག ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་དེ་ནི་ཨ་རིའི་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་མཉམ་འབྲེལ་སྒོ་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག ཡང་ཕྱི་ཚེས་༡༨་ཉིན་བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པས་ཕྱི་དྲོའི་ཕྱག་ཚོད་༤ནས་༦བར་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོའི་མདུན་ཐང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཞིག་ཀྱང་སྤེལ་འདུག ཕྱི་ཚེས་༡༩་ཉིན་གྱི་ཕྱི་དྲོའི་ཕྱག་ཚོད་༤པའི་ཐོག་ཨ་རིའི་ནང་བཅའ་བཞུཌ་བོད་གཞུང་སྐུ་ཚབས་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲཌ་མཆོག་གིས་བཙན་བྱོལ་ནང་དབུས་བོད་མིའི་སྒྲིག་འཛུགས་ལ་འཕྲད་བཞིན་པའི་དཀའ་ངལ་དང་གོ་སྐབས་ཅེས་པའི་བརྗོད་གཞིའི་ཐོག་འདི་ག་ཨ་རིའི་རྒྱལ་སའི་ནང་གི་གཙུག་ལག་སློབ་གྲ་ཆེན་མོ་George Washington University ནང་བཀའ་སློབ་གནང་འཆར་ཡོད་པའི་གནས་ཚུལ་འདུག།