བོད་མི་ཚོས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་འདུག


2017.03.28
ཨ་རིའི་རྒྱལ་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་སྐབས། ༢༠༡༧།༣།༢༧ ཨ་རིའི་རྒྱལ་སར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་སྐབས། ༢༠༡༧།༣།༢༧
པ་སངས་དོན་ལྡན།/RFA

ཨ་མི་རི་ཀ་དང་ཨའོསི་ཊརེ་ལི་ཡ། ཡོ་རོབ་བཅས་ཀྱི་གྲོས་ཚོགས་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་ཞུ་གཏུག་བྱེད་བཞིན་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། ཨའོསི་ཊརེ་ལི་ཡའི་རྒྱལ་ས་ཀེན་སྦེ་ར། དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ལྟེ་གནས་སྦརཱ་སེལསི་བཅས་ཀྱི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཡུལ་གྲུ་དེ་དག་ནང་གི་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།
དེ་ཡང་ཨའོསི་ཊརེ་ལི་ཡའི་ནང་ཕྱི་ཚེས་ ༢༧ དང་ ༢༨ སོ་སོར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བའི་སྐབས་གྲོས་ཚོགས་ཀྱི་གནད་ཡོད་འཐུས་མི་གང་མང་དང་མཇལ་འཕྲད་གནང་འདུག་ལ། དེ་བཞིན་སྦརཱ་སེལསི་ནང་བོད་དོན་ཞུ་གཏུག་པ་ཚོས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་པ་སོགས་མཇལ་འཕྲད་ཀྱིས་བོད་དོན་སྤྱི་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་རྡོག་རོལ་གཏོང་བཞིན་པ་དང་། དེང་སྐབས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་སོགས་ཀྱི་སྐོར་གསལ་བཤད་དང་མུ་མཐུད་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་རིའི་མངའ་སྡེ་ ༢༣ ཙམ་ནས་ཁྱོན་བསྡོམས་བོད་དོན་ཞུ་གཏུག་པ་མི་གྲངས་ ༡༣༠ ཙམ་གྱིས་ཞུ་གཏུག་ཚོགས་ཆུང་ཆ་བགོས་ཐོག་གྲོས་ཚོགས་གོང་འོག་གི་འཐུས་མི་དང་། ལས་བྱེད་པ་ཁྱོན་བསྡོམས་ ༢༥༠ ཙམ་མཇལ་འཕྲད་ཀྱིས་ཨ་མི་རི་ཀའི་གྲོས་ཚོགས་ནས་གཏན་འབེབས་གནང་པའི་ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་ཡིག་ནང་འཁོད་པའི་བོད་རྒྱའི་དབར་གྲོས་མོས་འབྱུང་རྒྱུར་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་སྐུལ་མ་གནང་དགོས་པ་དང་། གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པར་ཨ་རིའི་ངོས་ནས་ཐུགས་སྣང་དང་དེ་འགོག་ཐབས་རྒྱ་ནག་གཞུང་དང་བཀའ་མོལ་གནང་དགོས་པ། ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློ་བུར་དུ་རྒྱ་མིའི་བཙོན་ཁང་ནང་དགོངས་པ་རྫོགས་པའི་དོན་རྐྱེན་ཐད་རང་དབང་གི་ཞིབ་རྟོག་དགོས་པ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་པན་ཆེན་རིན་པོ་ཆེའི་ཡང་སྲིད་གར་ཡོད་ཀྱི་གནད་དོན་ཐད་མུ་མཐུད་ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གཞུང་ལ་བཀའ་བསྡུར་གནང་དགོས་པ། ཨ་རིའི་སྲིད་གཞུང་གསར་པས་གང་མགྱོགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་དགོས་རྒྱུ་སོགས་ཀྱི་ཐད་འབོད་སྐུལ་དང་ཞུ་གཏུག་བྱེད་བཞིན་ཡོད་པ་རེད།
ཐེངས་འདིའི་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་མང་ཆེ་བ་ཨ་རིའི་ནང་སྐྱེས་འཚར་བྱུང་བའི་བོད་རིགས་ན་གཞོན་རིགས་ཡིན་ཞིང་། རྒྱུན་དུ་བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་མི་རིགས་ཁག་གཅིག་ཀྱང་མཉམ་ཞུགས་གནང་འདུག
ཡོ་རོབ་གྲོས་ཚོགས་ནང་བོད་དོན་ཞུ་གཏུག་གི་ཆེད་ཨའོསི་ཊིརི་ཡ་དང་། ཇར་མན། ཨི་ཊ་ལི། པོ་ལེནཌ་བཅས་ནས་ཕེབས་ཡོད་འདུག
བོད་དོན་ཞུ་གཏུག་གི་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཐུགས་འགན་རྐང་བཞེས་ཐོག་ཨའོསི་ཊརེ་ལི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། བོད་རིགས་ཚོགས་པ། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཐོུང་གི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎