ཨ་རིའི་གྲོས་ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་འབོད་སྐུལ་གྱི་ཉི་མོ།
2009.03.08
༄༅༎‘འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་བཞིན་བོད་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་མིའི་བཙན་འཛུལ་ལ་ངོ་རྒོལ་གྱི་རང་དབང་སྒེར་ལངས་གནང་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་ཐམ་པ་དང་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་ལོ་ལྔ་བཅུ་འཁོར་བའི་བོད་ཀྱི་ལོ་རྒྱུས་ནང་གཞིས་བྱེད་བོད་མི་ཚོས་དྲན་གསོ་གནང་རྒྱུའི་གལ་ཆེའི་ཉིན་མོ་ཞིག་ཆགས་ཀྱི་ཡོད་སྟབས་བྱང་ཨ་རིའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང༌།རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསུམ་མཉམ་འབྲེལ་གནང་བའི་ཐོག་ཕྱི་ཟླ་གསུམ་པའི་ཚེས་དགུ་དང་བཅུ་བཅས་ཉིན་གཉིས་རིང་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཨ་མི་རི་ཀའི་དབུས་གྲོས་ཚོགས་ཁང་དུ་བོད་དོན་རྒྱབ་སྐྱོར་འབོད་སྐུལ་གྱི་ཉི་མོ་ཞེས་པའི་ལས་འགུལ་སྤེལ་གནང་རྒྱུ་ཡིན་པ་རེད།
ལས་འགུལ་དེའི་ནང་མཉམ་ཞུགས་གནང་བར་བྱང་ཨ་རིའི་ས་གནས་ཁག་ནས་བོད་རིགས་ཨ་རི་བ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཚབ་༡༥༠ལྷག་འདི་ག་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཕེབས་གཏན་འཁེལ་ཡོད་པ་དང་ཁོང་རྣམ་པས་ཕྱི་ཚེས་དགུ་དང་བཅུ་གཉིས་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གྲོས་ཚོགས་འཐུས་མི་རྣམ་པ་དང་མཇལ་འཕྲད་གནང་སྟེ་ད་བར་བོད་དོན་ཐད་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་འབྲེལ་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་བོད་མིའི་རང་དབང་ཐད་སྔར་ལས་རྒྱབ་སྐྱོར་ཤུགས་ཆེ་བ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་དང་མཇལ་འཕྲད་ཞུ་རྒྱུའི་དུས་ཚོད་བཟོས་གནང་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་དང་འབྲེལ་ཡོད་ལས་ཁུངས་ཁག་དྲུག་བཅུ་ཙམ་གྱིས་བོད་པའི་སྐུ་ཚབ་དང་ཐུག་འཕྲད་གནང་རྒྱུའི་དུས་ཚོད་གནང་ཡོད་སྐོར་གསུངས་འདུག
བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོ་དང་མཇལ་འཕྲད་ཞུ་གནང་རྒྱུ་ཡིན་པ་དང་ཆབས་ཅིག་ཕྱི་ཚེས་དགུ་དགོང་དྲོ་ཕྱག་ཚོད་ལྔ་པ་དང་ནས་བདུན་པའི་བར་ཨ་རིའི་གྲོས་ཚོགས་ཀྱི་ཁེ་ནེན་ཁང་ཆེན་ནང་ཨ་རིའི་ནང་གི་བོད་པའི་མཐུན་ཚོགས་ཁག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གོ་སྒྲིག་འོག་གྲོས་ཚོགས་འཐུས་མི་རྣམ་པ་ཚོར་བོད་པའི་སྣེ་ལེན་འདུ་འཛོམས་ཤིག་གནང་རྒྱུ་ཡིན་པ་དེའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གསུང་བཤད་གནང་རྒྱུའི་ཞལ་བཞེས་གནང་འདུག སྣེ་ལེན་འདུ་འཛོམས་དེའི་ཐོག་བཙན་བྱོལ་བོད་གཞུང་གི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བློ་བཟང་སྙན་གྲགས་ལགས་དང་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆ་དྲི་གིཡར་ཡིས་གསུང་བཤད་གནང་རྒྱུ་ཡིན་ཞིང་འདུ་འཛོམས་དེའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་དང་གལ་ཆེའི་སྐུ་མགྲོན་མང་པོ་ཕེབས་རྒྱུའི་འཆར་གཞི་འདུག
དེ་བཞིན་ཕྱི་ཚེས་བཅུ་ཉིན་བོད་པའི་སྐུ་ཚབ་ཚོས་གྲོས་ཚོགས་འཐུས་མི་ཕེ་རེང་ལྦུལྥ་དང་ཁོ་ན་ལི་རྣམ་གཉིས་ཁག་སོ་སོ་མཇལ་འཕྲད་ཞུ་རྒྱུ་ཡིན་པ་རེད༎