བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཡོ་རོབ་ནང་སྐོར་བསྐྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག

2025.02.18
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཡོ་རོབ་ནང་སྐོར་བསྐྱོད་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཆེད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་འདུག རྣམ་སྐྱིད་ལགས་ནས་གསར་འགོད་པའི་བཅར་འདྲིར་ལན་འདེབས་གནང་བཞིན་པ།
CTA

ཉེ་ལམ་ཕྱི་ཟླ་ ༢ པའི་ཚེས་ ༡༥ ཉིན་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཡོ་རོབ་ཇར་མན་གྱི་མུ་ནིཀ་གྲོང་ཁྱེར་དུ་འབྱོར་ཏེ། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཕྱི་རྒྱལ་མི་སྣ། རྒྱ་རིགས་དང་ཡུ་གུར་མི་རིགས་བཅས་ལྷན་འཛོམས་ཀྱི་སར་གསུང་བཤད་གནང་འདུག་ཅིང་། སྐབས་དེར་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནས་རང་ཉིད་བཙོན་འཇུག་གི་ཉམས་མྱོང་རྣམས་མང་ཚོགས་ལ་དམར་རྗེན་དུ་བརྗོད་པ་འདིས། བོད་ནང་བཞུགས་པའི་ནང་མི་ཉེ་འབྲེལ་ཚོར་དཀའ་ཉེན་ཆེན་པོ་འཕྲད་སྲིད་པ་གསལ་པོར་ཤེས་ཀྱི་ཡོད་ནའང་། སྐད་ཆ་འདི་དག་གསལ་པོ་བཤད་རྒྱུར་སོ་སོས་སེམས་ཐག་བཅད་པ་ཡིན། གལ་ཏེ་སོ་སོ་ཁུ་སིམ་མེར་བསྡད་ན་བོད་ནང་གི་ཆབ་སྲིད་བཙོན་པ་མང་པའི་སྡུག་བསྔལ་མུ་མཐུད་དུ་གནས་ངེས་ཡིན་པ་དང་། དེ་རིང་ངས་འདིར་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གི་གཉའ་གནོན་འོག་དཀའ་སྡུག་མྱོང་བཞིན་པ་མཚོན་པའི་བོད་ནང་གི་བོད་མི་ཚོར་རྒྱབ་སྐྱོར་གནང་རོགས་ཀྱི་རེ་འདུན་ཞུ་གི་ཡོད་ཅེས་འབོད་སྐུལ་གནང་ཡོད་པ་རེད།

PHOTO-2025-02-16-12-20-46_5-1024x768.jpg
རྣམ་སྐྱིད་ལགས་ནས་ཇར་མན་ནང་བོད་དོན་ཞུ་གཏུག་འགོ་འཛུགས།

ཇར་མན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་བསྟན་འཛིན་ལགས་ནས་ཕེབས་བསུ་དང་འབྲེལ། བྷེ་ཝེ་རི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཀ་སི་རིན་ཌར་སི་པ་ཆར་ལགས་དང་། ཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཝོལ་ཕི་གེང་གི་རེ་ཌར་བཅས་ཕེབས་པ་དང་མཚུངས། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བསྟན་འཛིན་དང་ཌེ་ཝི་ཌེ་མི་སལ་རྣམ་གཉིས་ཀྱིས་བཅར་འདྲི་ཞུས་པར། རྣམ་སྐྱིད་ལགས་ནས་རང་ཉིད་བོད་ནང་རྒྱ་ནག་གི་བཙོན་དུ་ཚུད་པའི་མྱོང་ཚོར་གསལ་སྟོན་གནང་ཡོད། ཕྱོགས་མཚུངས་རྣམ་སྐྱིད་ལགས་ཉི་མ་དེ་རང་དུ་ཇར་མན་གྱི་(Kulturzentrum་GOROD)ས་གནས་སུ། བོད་རིགས་དང་རྒྱལ་ཁབ་གཞན་ཁག་ཅིག་གི་མི་རིགས་བཅས་བསྡོམས་པའི་མི་གྲངས་ ༨༠ ལྷག་ལ་གསུང་བཤད་གནང་སྐབས། རྒྱ་ནག་གི་དབང་སྒྱུར་འོག་བོད་མིའི་དཀའ་སྡུག་མྱངས་པའི་བརྒྱུད་རིམ་ཉམས་མྱོང་སྐོར་གསལ་སྟོན་གནང་ཡོད་པར། གསུང་བཤད་ལ་ཉམས་ཞུགས་གནང་མཁན་ཁོངས་སུ་འཛམ་གླིང་ཡུ་གུར་སྤྱི་མཐུན་ཚོགས་པའི་ཚོགས་གཞོན་ཟུམ་རེ་ཏེ་ཨར་ཀིན་ལགས་དང་། རྒྱ་རིགས་ཡེ་ཤུའི་སྤྱི་ཚོགས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་ཚོགས་པ་ཁག་ཀྱང་ཆེད་དུ་བཅར་ཡོད་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད། ཁོང་ཚོའི་དོགས་འདྲི་གནང་བ་ཁག་ལ་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནས་ལན་འདེབས་གནང་འདུག

ཕྱི་ཚེས་ ༡༦ ཉིན་རྣམ་སྐྱིད་ལགས་དང་ཞུ་གཏུག་ཚོགས་ཆུང་ནས་ཇར་མན་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་སྡེ་ཚན་གྱི་སྐུ་ཚབ་རྣམ་པ་དང་མཇལ་འཕྲད་གནང་རྒྱུ་ཡིན་ཞིང་། མཇལ་འཕྲད་འདི་དག་ནི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་རྣམས་ལྷན་འཛོམས་གནང་བཞིན་པའི་མུ་ནིཀ་བདེ་འཇགས་ཚོགས་འདུ་དང་དུས་མཉམ་དུ་བྱུང་བ་ཡིན་སྟབས། བོད་ཀྱི་ཆབ་སྲིད་བཙོན་པ་ཚོའི་ཛ་དྲག་གི་གནས་སྟངས་ཐོག་གོ་རྟོགས་ཆེ་རུ་གཏོང་བར་གོ་སྐབས་བཟང་པོ་ཞིག་ཏུ་གྱུར་ཡོད་ལ། ཚོགས་འདུ་འདི་བརྒྱུད་བོད་མི་ཚོའི་དཀའ་སྡུག་གི་གནས་སྟངས་ཤེས་རྟོགས་ཡོང་བ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་ཚུལ་ཕྱིར་བསྒྲགས་བྱེད་པ། དེ་བཞིན་གཞི་རྩའི་རང་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆེད་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་བྱུང་ཡོད་པ་རེད།

ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནས་ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༢༡ ཉིན་ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་དང་ལྷན། མདོ་སྨད་རྔ་བ་རྫོང་གི་སྲང་ལམ་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཟུང་སྟེ་རྒྱ་ནག་གཞུང་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་གིས་ལོ་གསུམ་ལྷག་རིང་བཙོན་འཇུག་མནར་གཅོད་བཏང་མཐར་གློད་གྲོལ་རྗེས། ཕྱི་ལོ་༢༠༢༣ ལོའི་ཟླ་བ་ལྔ་པའི་ནང་རྒྱ་གར་དུ་འབྱོར་ཡོད་པ་རེད། །

གསར་འགོད་པ། བློ་བྷེ། 

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎