ལྡི་ལིར་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞེས་པ་སྐོང་རྒྱུ།


2015.05.22
བསྟན་འཛིན་བརྩོན་འགྲུས་ཀྱིས་ཧྥ་རན་སུ་ལ་བོད་དོན་གཏམ་བཤད་གནང་བཞིན་པ། ༢༠༡༤།༦།༤། བསྟན་འཛིན་བརྩོན་འགྲུས་ཀྱིས་ཧྥ་རན་སུ་ལ་བོད་དོན་གཏམ་བཤད་གནང་བཞིན་པ། ༢༠༡༤།༦།༤།
པར་ཚགས།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གཉིས་རིང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞེས་པ་སྐོང་ཚོགས་གནང་རྒྱུ་ཡིན་འདུག
དེ་ཡང་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཞེས་པའི་གོ་བསྒྲིགས་ཚོགས་ཆུང་གི་ཚོགས་མི་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་གཞིགས་ན། ཕྱི་ཟླ་འདིའི་ཚེས་༢༣ནས་༢༤བར་ཉིན་གཉིས་རིང་། རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་India International Centerཞེས་པའི་ཚོགས་ཁང་ནང་། རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་སྐོང་ཚོགས་གནང་རྒྱུ་ཡིན་པ་དང་། ཚོགས་ཆེན་དེའི་ཐོག་བཙན་བྱོལ་ནང་སྐྱེས་པ་དང་། འཚར་ལོངས་བྱས་པའི་མི་ཐོག་གཉིས་པའི་བོད་མི་གཞོན་སྐྱེས་དང་། ཡང་ན་བོད་ནས་ཕྱིས་སུ་བྲོས་བྱོལ་དུ་འབྱོར་ཞིང་། བོད་ལ་ཕྱིར་ལོག་བྱ་རྒྱུའི་གོ་སྐབས་བྲལ་བའི་བོད་མི་གཞོན་སྐྱེས་མཐོ་རིམ་སློབ་མའི་གྲས་བརྒྱ་སྐོར་ཙམ་མཉམ་ཞུགས་གནང་རྒྱུ་མ་ཟད། རྩོམ་པ་པོ་དང་། ལས་འགུལ་བ། ཉམས་ཞིབ་པ། ཆེད་ལས་མི་སྣ་སོགས་ཚོགས་བཅར་ཞུ་གི་ཡོད་འདུག
ཉིན་གཉིས་ཀྱི་ཚོགས་འདུའི་གྲོས་འཆར་ལ་གཞིགས་ན། ཚེས་༢༣ཉིན། བོད་དང་རྒྱ་གར་གྱི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་རྒྱ་གར་གྱི་གྲགས་ཆེ་བའི་སྲིད་དོན་དབྱེ་ཞིབ་པ་Mohan Guruswamyདང་། རྒྱ་གར་གྱི་དབུས་ཕྱི་འབྲེལ་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཟུར་པ་Vikram Sood བོད་དོན་མཁས་དབང་Claude Arpi དེ་བཞིན་རྒྱ་གར་གྱི་གཞུང་ཚབ་ཟུར་པ་Rangachariགཙོས་མཁས་པའི་མི་སྣ་ཁག་ནས་བགྲོ་གླེང་གནང་རྒྱུ་དང་། ཡང་ཚེས་༢༤ཉིན་གོ་ལ་གཅིག་གྱུར་གྱི་གནས་སྟངས་འོག་བོད་ཐོག་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་བགྲོ་གླེང་གནང་རྒྱུ། དེའི་ཐོག་རྒྱ་གར་གྱི་སྤྱི་ཚོགས་ཚན་རིག་པ་Ashis Nandyདང་། མེས་པོ་དམ་པ་Gandhiལྟ་གྲུབ་རྗེས་དྲན་པ་Rajiv Voraམཉམ་ཞུགས་གནང་རྒྱུ་དང་། བགྲོ་གླེང་དེ་གཉིས་མང་ཚོགས་ཁྲོད་གནང་རྒྱུ་ཡིན་འདུག ཡིན་ནའང་ཉིན་གཉིས་ཀྱི་ཚོགས་འདུའི་དུས་ཚོད་མང་ཆེ་བ་དེ་ཚོགས་བཅར་བ་བོད་མི་རྣམས་དབར་ནང་མོལ་གྱི་ངོ་བོའི་ཐོག་ནས་ཚོགས་གནང་རྒྱུ་དང་། གྲོས་བསྡུར་དང་བགྲོ་གླེང་གི་ནང་དོན་གཙོ་བོར། ཉེ་དུས་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནད་དོན་གཙོས་པའི་འདས་པའི་མི་ལོ་༦༠རིང་བོད་མིའི་རང་དབང་འཐབ་རྩོད་ལ་བསྐྱར་ཞིབ་ཀྱི་བགྲོ་གླེང་བྱས་པའི་ཐོག་འཐབ་རྩོད་རྒྱུན་འཁྱོངས་སླད། གསར་གཏོད་ཀྱི་འཐབ་ལམ་འཚོལ་གྲུབ་དང་། ལྷག་པར་དུ་ཕུགས་རྒྱང་གི་ཁེ་ཕན་གཞི་ལ་བཞག་ནས་བོད་མི་མང་ཚོགས་ཁྲོད་བོད་རང་བཙན་གྱི་དམིགས་ཡུལ་དང་། ཆོད་སེམས་བརྟན་པོ་བསྐྲུན་ཐབས་སོགས་ཀྱི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག ཚོགས་བཅར་བའི་ཁྲོད་ནས་རྒྱ་གར་Gujuratམངའ་སྡེའི་དབུས་གཙུག་ལག་སློབ་གྲྭའི་ནང་། འབུམ་རམ་པའི་སློབ་གཉེར་གནང་བཞིན་པ་བདེ་ཆེན་དབང་མོ་ཞུ་བས། ད་ལྟ་ལམ་སེང་བོད་ཀྱི་གནད་དོན་སེལ་ཐབས་མེད་ནའང་བོད་རང་བཙན་གྱི་རེ་ལྟོས་མ་བརླགས་པར་གནས་ཐབས་བྱ་རྒྱུ་དེ་ད་ལྟའི་མི་ཐོག་ལ་འགན་འཁྲི་ཡོད་པར་བརྟེན་ད་ལམ་ཚོགས་འདུའི་ཐོག་ཁོ་མོ་མཉམ་བཅར་ཞུ་ཡི་ཡོད་པའི་སྐོར་གསུངས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎