རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་ཚོའི་ནང་མི་དང་བོད་དོན་ལས་འགུལ་སྤེལ་མཁན་ཚོར་དབྱེ་འབྱེད་དང་སྤྱི་དམངས་ཀྱི་ཐོབ་ཐང་མི་སྤྲོད་པའི་དཀའ་ངལ་སྤྲོད་བཞིན་ཡོད་འདུག

རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་མཁན་གྱི་ནང་མི་ཚོར་རྒྱ་ནག་གཞུང་གིས་དམིགས་བསལ་སྡང་ཟུག་ཆེན་པོ་བྱེད་བཞིན་འདུག་ཅིང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་དང་ཁོང་ཚོའི་ནང་མིའི་ལོ་རྒྱུས་དང་བཅས་པ་དྲ་མཛོད་ནང་ཉར་ཚགས་ཀྱིས། རང་ལུས་མེར་བསྲེགས་བཏང་མཁན་དང་འབྲེལ་ཡོད་ནང་མི་ཚོར་དབྱེ་འབྱེད་རང་བཞིན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་འདུག དཔེར་ན་ད་བར་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་མང་ཤོས་བྱུང་ཡུལ་མདོ་རྨད་རྔ་བ་ཁུལ་དང་བླ་བྲང་ཁུལ་གྱི་བོད་མི་ཁག་ཅིག་གིས། བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་རྐྱེན་དང་། དེ་བཞིན་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ནང་ཞུགས་མྱོང་མཁན་དང་འབྲེལ་བ་ཡོད་པའི་ནང་མི་ཉེ་འབྲེལ་ཚོར་རྒྱ་ནག་གཞུང་གིས་ལས་ཀ་མི་སྤྲོད་པ་དང་། སློབ་ཆེན་དུ་ཚུད་རྒྱུགས་གཏོང་ཆེད་གཞུང་གི་རྒྱབ་གཉེར་ཆོག་མཆན་མི་སྤྲད་པ་སོགས་མངོན་གསལ་དོད་པོས་དབྱེ་འབྱེད་བྱེད་བཞིན་ཡོད་པ་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
དཔེར་ན་བླ་བྲང་ཁུལ་གྱི་གནས་ཚུལ་མཁོ་སྤྲོད་པ་དེས། ཕྱི་ལོ་༢༠༡༣ལོར་རང་ལུས་མེར་སྲེག་བཏང་མཁན་གྱི་ཁྱིམ་ཚང་ཞིག་གི་བུ་ཕྲུག་ལ་ས་གནས་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་སློབ་མཇུག་ཡིག་ཆ་མ་སྤྲད་སྟབས། མཐོ་སློབ་ཏུ་འགྲོ་མ་ཐུབ་པའི་གནས་ཚུལ་བྱུང་བ་ཁོང་རང་གི་དངོས་སུ་མཐོང་མྱོང་ཡོད་པ་ངོ་སྤྲོད་གནང་ཞིང་། དེ་བཞིན་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་ལ་ཐོབ་ཐང་དཔང་ཡིག་ནང་ནག་ཉེས་བསགས་པའི་གནས་ཚུལ་བཀོད་སྟབས། ཁོང་ཚོའི་འགྲོ་སྡུག་སྤྱོད་གསུམ་ལ་དཀའ་ངལ་འཕྲད་བཞིན་པར་མ་ཟད། ཐག་རིང་འགྲིམ་གྲུལ་སྐབས་མགྲོན་ཁང་གླ་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག བོད་མི་ཆབ་སྲིད་ཀྱི་ལས་འགུལ་ནང་ཞུགས་པའི་ནག་ཉེས་གཡོགས་པའི་དོ་བདག་རང་ཉིད་ཙམ་མ་ཟད། ཁོང་ཚོའི་ནང་མི་ཉེ་འབྲེལ་དང་བཅས་པར་མཐའ་ན་སྨན་པ་བསྟེན་གཏུག་བྱ་རྒྱུར་དགོས་ངེས་ཀྱི་ཡིག་ཆ་མ་སྤྲད་པ་དང་གཞུང་གི་ཁ་གསབ་རོགས་རམ་མི་སྤྲད་པ་སོགས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་གིས་བོད་དོན་ལས་འགུལ་ནང་འཛུལ་ཞུགས་བྱེད་མཁན་དང་། ལྷག་པར་དུ་རང་ལུས་མེ་བསྲེགས་དང་ཕྱི་ལོ་༢༠༠༨ལོའི་ཞི་རྒོལ་ནང་ཞུགས་མཁན་ཚོའི་ཞིབ་ཕྲའི་གནས་ཚུལ་ཀློག་གླད་ནང་བཅུག་སྟེ་ལྟ་བཤེར་བྱེད་བཞིན་ཡོད་པ་དང་། ཡང་འབྲེལ་བོད་མི་གཞན་ཞིག་གིས། རྔ་བ་ཕྱོགས་ནས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མི་ཚོར་དུས་ཡུན་རིང་པོར་སོ་ལྟ་དང་སུན་བཙེར་བཟོ་བཞིན་ཡོད་པ་དང་། དཔེར་ན་ཕྱི་ལོ་༢༠༢༢ལོར་རང་ལུས་མེར་བསྲེགས་བཏང་མཁན་ཞིག་གི་ཚ་བོར་རྒྱ་ནག་གཞུང་གིས་དོ་དམ་ལྟ་སྲུང་ནན་པོ་བྱས་ཤིང་། ཁོ་པས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པའི་ནག་ཉེས་འོག་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་མ་ཟད། ཁོ་པའི་ནང་མི་ཚོར་གཞུང་གི་ཐོབ་ཐང་ཡོངས་རྫོགས་མེད་པ་བཟོས་ཡོད་འདུག
ཕྱི་ལོ་༢༠༠༩་ལོ་ནས་ཕྱི་ལོ་༢༠༢༢བར་བོད་ནང་རྒྱ་ནག་གཞུང་གི་སྡུག་རྩུབ་སྲིད་བྱུས་འོག་བོད་མི་༡༥༧གྱི་རང་ལུས་མེ་བསྲེགས་བཏང་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་དོན་ལས་འགུལ་སྤེལ་མཁན་བོད་མི་དང་། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་གནོད་སྐྱོན་བཟོས་སྐོར་གྱི་ཉེས་ཆད་འོག་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཚོའི་ནང་མིར། དུས་ཡུན་རིང་བོར་དམ་དྲགས་དང་རྗེས་འདེད་བྱེད་བཞིན་ཡོད་པ་རེད་ལ། དཔེར་ན་ཕྱི་ལོ་༢༠༡༨ལོར་རྒྱ་གར་ནས་ཕྱིར་བོད་དུ་ལོག་པའི་གཞིས་ཀ་རྩེ་གྲོང་ཁྱེར་ནས་ཡིན་པ། སྤེན་པ་ཚེ་རིང་ལགས་སུ་ཁ་བྲལ་བར་འབྲེལ་བ་ཡོད་སྐོར་བརྗོད་ནས་འཛིན་བཟུང་བཀག་ཉར་དང་རྗེས་སུ་ཀློད་གྲོལ་བཏང་རྗེས། མུ་མཐུད་སུན་བཙེར་དང་གྲོང་ཚོ་ཡོངས་སུ་སྤྲོད་བཞིན་པའི་རོགས་སྐྱོར་ཁ་གསབ་དངུལ་མི་སྤྲོད་པ་དང་། གྲོང་མི་ཚོར་ཁོང་དང་འབྲེལ་འདྲིས་བྱས་མི་ཆོག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།