བོད་ཀྱི་སྨན་དོན་རུ་ཁག་ཐེངས་གཉིས་པ་ཟི་ཁྲོན་དུ་ཐོན་ཡོད་པ།
2008.05.25
༄༅༎བོད་ཀྱི་རྒྱལ་ས་ལྷ་ས་ནས་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་། ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་མི་དམངས་ཚོར་ནད་ཡམས་སྔོན་འགོག་དང་སྨན་བཅོས་ཀྱི་རོགས་རམ་བྱེད་མཁན་བོད་ཀྱི་སྨན་དོན་རུ་ཁག་ཐེངས་གཉིས་པ་ཐོན་བསྐྱོད་བྱས་ཡོད་པའི་སྐོར་བཀོད་ཡོད་པ་རེད།
མི་སྣ་༡༦ ཡོད་པའི་བོད་ཀྱི་སྨན་བཅོས་རུ་ཁག་དེ་ཡིས་ས་ཡོམ་གྱི་གོད་ཆགས་ལ་རོགས་རམ་རྒྱ་མིའི་སྒོར་མོ་འབུམ་ལྔའི་རིན་ཐང་ཡོད་པའི་སྨན་རིགས་དང་སྨན་བཅོས་ཀྱི་ལག་ཆ་དང་། ད་དུང་མོ་ཊ་གསུམ་རོགས་རམ་དུ་འཁྱེར་ཡོད་པའི་སྐོར་སྨན་བཅོས་རུ་ཁག་དེའི་འགན་འཛིན་གྱིས་བཤད་ཡོད་པ་རེད། སྨན་བཅོས་རུ་ཁག་དེ་བཞིན་ཟི་ཁྲོམ་ཞིང་ཆེན་ནང་གི་རང་འབྱུང་གི་གནོད་འཚེ་སྡུག་ཤོས་བྱུང་ཡུལ་ མའོ་ཞན་ ས་གནས་ནང་རོགས་རམ་དུ་བསྐྱོད་རྒྱུ་ཡིན་པ་དང་། ས་གནས་དེ་ནི་ཁ་སྔོན་ཕྱི་ཚེས་ ༡༢ ཉིན་ས་ཡོམ་འགུལ་ཚད་༨ རྒྱབ་ཡུལ་དང་ ཝེན་ཁྲུན་ནམ་ལུག་གོ་ཞེས་པའི་ས་གནས་ནས་ཤར་ནུབ་ཕྱོགས་སུ་ཀི་ལོ་མི་ཊར་༥༠ ཙམ་གྱི་མཚམས་སུ་ཡོད་པ་རེད། མའོ་ཞན་ས་གནས་དེའི་ནང་ད་བར་མི་གྲངས་ཉིས་སྟོང་བརྒྱ་དང་བཞི་བཅུ་ཞེ་བཞི་རྐྱེན་ལམ་དུ་ཕྱིན་པ་དང་མི་དམངས་བརྒྱད་སྟོང་ཉིས་བརྒྱ་ཙམ་རྨས་སྐྱོན་ཕོག་པ། མི་དམངས་གསུམ་སྟོང་དྲུག་བརྒྱ་ཙམ་ལ་སྡོད་ཁྱིམ་མེད་པར་གྱུར་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཟེར་བའི་འཕྲོད་བསྟེན་ཚན་པའི་འགན་འཛིན་ཕུར་བུ་སྒྲོལ་མ་ལགས་ཀྱིས་གསུངས་པར་གཞིགས་ན། ས་ཡོམ་གནོད་འཚེར་རོགས་རམ་བྱེད་མཁན་གྱི་བོད་ཀྱི་སྨན་བཅོས་རུ་ཁག་ཐེངས་དང་པོའི་ནང་མི་གྲངས་༢༥ དང་རྒྱ་མིའི་སྒོར་མོ་གསུམ་འབུན་ལྔ་ཁྲི་ཙམ་གྱི་བོད་སྨན་དང་དེ་མིན་རྒྱ་མིའི་སྒོར་མོ་ས་ཡ་༡༣ ལྷག་རིན་ཐང་ཐོབ་པའི་སྨན་བཅོས་མཐུན་འགྱུར་བཅས་ཟླ་བ་འདིའི་ཕྱི་ཚེས་༡༦ ཉིན་ཆེད་གཏོང་བྱས་ཏེ་རྨས་རྨ་རྣམས་ལ་མུ་མཐུད་སྨན་བཅོས་ཀྱི་རོགས་རམ་བྱེད་མུས་ཡིན་པའི་སྐོར་གསུངས་ཡོད་པ་རེད༎