རྒྱ་དཀར་ནག་གི་གྲོས་མོལ་སྐབས་བོད་གླེང་དགོས་པའི་འབོད་སྐུལ།

སྲིད་སྐྱོང་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་གྲོས་མོལ་སྐབས་བོད་དོན་གླེང་སློང་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་བ།

2012.10.08

༄༅༎སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་གྲོས་མོལ་སྐབས་བོད་དོན་གླེང་སློང་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་ཡོད་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་རྒྱལ་ས་ལྡི་ལིའི་ནང་། གསར་འགོད་པ་ཁག་ཅིག་མཇལ་འཕྲད་གནང་བའི་སྐབས། རྒྱ་དཀར་ནག་གཉིས་གྲོས་མོལ་གནང་བའི་སྐབས་བོད་ཀྱི་གནད་དོན་དེ་ཡང་ཕྱི་སྲིད་ཀྱི་གནད་དོན་ཞིག་ལ་ངོས་འཛིན་གནང་ནས་གླེང་སློང་གནང་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས་གསུངས་འདུག ཡང་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སྐོར་དང་ལྷག་པར་དུ་བོད་མི་མང་པོས་རང་ལུས་མེར་སྲེགས་བཏང་དང་གཏོང་བཞིན་པའི་གནད་དོན་སྐོར་བཀའ་འདྲི་ཞུས་པའི་སྐབས་གསུངས་དོན། བོད་ནང་བོད་མི་ཚོར་སོ་སོའི་བསམ་ཚུལ་བཏོན་ཡུལ་གྱི་གླེང་སྟེགས་རྩ་བ་ནས་མེད་པར་བརྟེན་བོད་མིས་རང་ལུས་ཚུན་ཆད་ཀྱང་མེར་སྲེགས་ཀྱི་བརྡ་ལན་སྤྲད་ཀྱི་ཡོད་པ་དེ་ནི་བློ་འཚབ་སྐྱེས་གཞི་ཞིག་ཡིན་པ་ཙམ་དུ་མ་ཟད་ཛ་དྲག་གི་བརྡ་ལན་ཞིག་ཀྱང་སྤྲོད་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ནས། བོད་ནང་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་ཀྱི་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་འདུག
དེ་དང་ཕྱོགས་མཚུངས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་བོད་ནང་རྒྱ་རིགས་འཕོན་ཆེ་གཞིས་སྤོས་བྱེད་བཞིན་པ་དེ་ཡང་བློ་འཚབ་སྐྱེས་གཞི་ཞིག་ཡིན་པ་དང་། དེས་བོད་ནང་གི་བོད་མི་ཚོར་ཐོབ་ཐང་ཡོད་པ་དེ་དག་རྒྱ་རིགས་ལ་ཁེ་ཕན་ཆེ་རུ་འགྲོ་རྒྱུ་ཙམ་མ་ཟད། རྒྱ་ནག་དབུས་གཞུང་ནས་མཐུན་འགྱུར་རོགས་རམ་མཁོ་སྤྲོད་ཇི་ཙམ་བྱེད་ཀྱང་དེ་དག་བོད་རིགས་ལས་རྒྱ་རིགས་ལ་ཕན་ཐོགས་ཆེ་བ་ཐོབ་ཀྱི་ཡོད་པ་སོགས་ཀྱི་གནས་སྟངས་རྣམས་ངོ་སྤྲོད་གནང་འདུག དམིགས་བསལ་རྒྱ་ནག་གཞུང་ནས་བོད་ཀྱི་ས་གནས་མང་པོ་ཞིག་ལ་གནམ་ཐང་གསར་རྒྱག་བྱེད་བཞིན་པ་དེས་དམག་དཔུང་གི་ལས་གཞི་རྒྱ་སྐྱེད་གཏོང་རྒྱུའི་སྲིད་བྱུས་ཤིག་ཡིན་པ་གསུངས་ནས། གང་ལྟར་རྒྱ་གར་དང་རྒྱ་ནག་གཉིས་དབར་རིང་མིན་ས་མཚམས་དང་འབྲེལ་བའི་གྲོས་མོལ་གནང་བའི་སྐབས་བོད་ཀྱི་གནད་དོན་དེ་ཡང་གལ་ཆེ་དོན་ཆེར་བརྩི་གནང་དགོས་ལུགས་འབོད་སྐུལ་ཞུས་གནང་ཡོད་པ་རེད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བདུན་ཕྲག་འདིའི་ནང་ཨ་རི་དང་དེ་ནས་རིམ་པས་ཡུ་རོབ་ཁུལ་ཕེབས་རྒྱུའི་མཛད་འཆར་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎