རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་སིངྒ་པུར་རྒྱལ་ཁབ་བར་མཁའ་ལམ་ཤར་གཏོང་བྱས་པ་ནི་ལྷོ་ཨེ་ཤེ་ཡའི་ནང་ཤུགས་རྐྱེན་ཐེབས་ཆེད་ཡིན་སྐོར། ཉམས་ཞིབ་པས་བརྗོད་བྱུང་།

ཟླ་ ༡༢ ཚེས་ ༢༥ ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་གོང་དཀར་གནམ་ཐང་ནས་སིངྒ་པུར་རྒྱལ་ཁབ་ནང་། རྒྱལ་སྤྱིའི་རང་བཞིན་གྱི་མཁའ་ལམ་ཞིག་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། གནད་དོན་དེ་ནི་ད་བར་བོད་ནང་གི་གནམ་ཐང་ཞིག་ནས་རྒྱལ་སྤྱིར་ཆེད་གཏོང་བྱས་པའི་མཁའ་ལམ་ཐོག་མ་དེ་ཆགས་ཀྱི་ཡོད་པས། དམིགས་ཡུལ་གཙོ་བོ་བོད་ནང་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཆེད་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་སོགས་ཀྱི་ཆེད་ཡིན་སྐོར། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་བསྒྲགས་ཡོད་ན་ཡང་། ཐེ་ཝན་དང་ཨེ་ཤེ་ཡ་བརྗེ་རེས་ཐེབས་རྩ་ཁང་གི་ཉམས་ཞིབ་པ་སཱ་ན་ཧ་ཤི་མི་ (Sana Hashmi) ལགས་ནས། སྤྱིའི་ཆ་ནས་ཐེངས་འདིར་ལྷ་ས་ནས་སིངྒ་པུར་བར་གྱི་མཁའ་ལམ་ཤར་གཏོང་དེ་དཔལ་འབྱོར་སོགས་ཀྱི་ཆེད་ཡིན་ན་ཡང་། ཕྱོགས་གཞན་ཞིག་ནས་རྒྱ་ནག་གིས་ལྷོ་ཨེ་ཤེ་ཡའི་ནང་ཤུགས་རྐྱེན་བསླེབས་ཐབས་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཐད་གར་སིངྒ་པུར་ལ་འཕུར་སྐྱོད་ཀྱི་མཁའ་ལམ་དེ་ཕྱི་ཚེས་ ༢༥ ཉིན་ནས་འགོ་ཚུགས་ཀྱིས། རྒྱ་ནག་གི་གསར་ལམ་ཁག་ཏུ་མཁའ་ལམ་ཤར་གཏོང་དེས་རྒྱ་ནག་དང་སིངྒ་པུར་གྱི་མཉམ་ལས་དང་རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་དང་རིག་གཞུང་བརྗེ་རེས། བོད་ནང་གི་མཁའ་ལམ་རྒྱལ་སྤྱི་ཅན་དུ་རྒྱ་སྐྱེད་དང་། ལྷག་པར་དུ་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་གཅིག་མཐུན་ཡོང་བ་རྒྱུན་འཁྱོངས་ཀྱིས། མཁའ་འགྲུལ་ཡུལ་སྐོར་གྱི་དགོས་མཁོ་སྐོང་རྒྱུ་དང་དུས་མཚུངས་སུ་རྒྱལ་ཁབ་ཀྱི་འཐབ་ཇུས་དང་དཔལ་འབྱོར་འཕེལ་རྒྱས་ལ་དམིགས་ཡོད་པ་བཀོད་འདུག་ལ། ཡང་སཱ་ན་ཧ་ཤི་མའེ་ལགས་ནས་མུ་མཐུད། འདས་པའི་ལོ་ཤས་ནས་བཟུང་སིངྒ་པུར་གྱིས་རྒྱ་ནག་ལ་དཔལ་འབྱོར་དང་འབྲེལ་མཉམ་འབྲེལ་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། གོ་སྐབས་དེ་བརྒྱུད་རྒྱ་ནག་གཞུང་གིས་ལྷོ་ཨེ་ཤེ་ཡའི་ཁུལ་དུ་ཤུགས་རྐྱེན་ཡོང་ཐབས་སུ་མེ་འཁོར་དང་མཚོ་ལམ། མཁའ་ལམ་བཅས་ནས་ཤུགས་རྒྱག་གི་ཡོད་པ་བརྗོད་བྱུང་།
ཐེངས་འདིར་ལྷ་ས་ནས་སིངྒ་པུར་ལ་གཏོང་འཆར་གྱི་མཁའ་ལམ་དེ་བདུན་ཕྲག་རེའི་གཟའ་ཟླ་བ་དང་ལྷག་པ། ཕུར་བུ་བཅས་ཉིན་གསུམ་རིང་གཏོང་གི་ཡོད་པ་དང་། གནད་དོན་དེས་ལྷ་ས་ནས་ཐད་ཀར་རྒྱལ་སྤྱིར་འཕུར་ཐུབ་པའི་མཁའ་ལམ་གསར་གཏོད་བྱུང་སྐོར་བརྗོད་འདུག་ན་ཡང་། རྒྱལ་སྤྱི་རང་བཞིན་གྱི་ཡུལ་སྐོར་ཚོང་གཉེར་ཁང་ (Travel And Tour World) ཁང་གིས་གནས་ཚུལ་སྤེལ་བའི་ནང་། ལྷ་ས་ནས་སིངྒ་པུར་དུ་འཕྱུར་རྒྱུའི་གནམ་གྲུ་དེ་ཐོག་མར་ལྷ་ས་ནས་འཕུར་སྐྱོད་ཀྱིས་རྒྱ་ནག་གི་ཁྲོང་ཆིན་ (Chongqing) གྲོང་ཁྱེར་བརྒྱུད། སིངྒ་པུར་ལ་འཕུར་བཞིན་ཡོད་པས། ཁོང་ཆིན་གྲོང་ཁྱེར་ནི་རྒྱ་ནག་གིས་ལྷོ་ཨེ་ཤ་ཡར་འབྲེལ་མཐུད་ཀྱི་ཚོང་ལམ་ལྟེ་གནས་ཡིན་པས། གྲོང་ཁྱེར་དེས་བོད་དང་སིངྒ་པུར་གྱི་མཁའ་ལམ་འཕུར་སྐྱོད་དང་འགྲུལ་བཞུད་སྟབས་བདེ་ཡོང་ཐབས་བཟོ་རྒྱུ་ཡིན་པ་དང་། གནམ་གྲུ་འཕུར་སྐྱོད་ཀྱི་རིན་གོང་དེ་ལྷ་ས་ནས་སིངྒ་པུར་བར་རྒྱ་སྒོར་ ༣༥༠ དང་། སིངྒ་པུར་ནས་ལྷ་ས་བར་སིངྒ་པོར་གྱི་དངུལ་ ༡༢༥ ཡིན་པ་དང་། ལྷ་ས་ནས་ཉིན་ལྟར་རྒྱ་ནག་གི་ཆུ་ཚོད་ ༥ དང་སྐར་མ་ ༤༠ ནས་འཕུར་སྐྱོད་ཀྱིས་ཆུ་ཚོད་ ༨་དང་སྐར་མ་ ༣༠ རྒྱ་ནག་གི་ཁྲོང་ཆིན་གྲོང་ཁྱེར་དུ་འབབ་རྒྱུ་དང་། དེ་ནས་ཆུ་ཚོད་ ༡༠ དང་སྐར་མ་ ༥༠ སྟེང་ཁྲོང་ཆིན་ནས་སིངྒ་པུར་དུ་འཕུར་སྐྱོད་ཀྱིས། ཕྱི་ཉིན་སྔ་དྲོའི་ཆུ་ཚོད་ ༣ དང་སྐར་མ ༥༥ སྟེང་སིངྒ་པུར་ལ་འབྱོར་བཞིན་ཡོད་འདུག
འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་བོད་དེ་བཞིན་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ཆ་ཤས་ནང་། ལྷོ་ཨེ་ཤེ་ཡའི་ཁུལ་གྱི་འབྲེལ་མཐུད་ཚོང་ལམ་ཡོང་ཐབས་སུ། འདི་ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ལྷོ་ཨེ་ཤེ་ཡའི་ཚོང་ལས་འདུ་ཚོགས་ཆེན་མོ་ཟེར་བ་སོགས་ཆེད་ཚོགས་དང་། བལ་ཡུལ་ནས་བོད་ཀྱི་རྒྱལ་ས་ལྷ་སར་བལ་ཡུལ་གྱི་གནམ་གྲུ་ཤར་གཏོང་བྱས་པ་མ་ཟད། རྒྱ་ནག་གི་གསར་ལམ་ཁག་ཏུ་མ་འོངས་པར་རྒྱ་ནག་གཞུང་གིས་ལྷོ་ཨེ་ཤེ་ཡའི་རྒྱུད་གཅིག་ལམ་གཅིག་གི་ཚོང་ལམ་ཡར་རྒྱས་ཡོང་ཆེད། བོད་ཀྱི་རྒྱལ་ས་ལྷ་ས་ནས་ཐེ་ལཎྡའི་རྒྱལ་ས་བྷན་ཀོག་དང་། གྲོང་ཁྱེར་ཧྥུ་ཀེ་ཊི(Phuket) དང་། ཉི་ཧོང་གི་ཨོ་སཱ་ཀཱ (Osaka) གྲོང་ཁྱེར། འབར་མེའི་མཱན་ཌ་ལེ་ (Mandalay)གྲོང་ཁྱེར་དང་། ལྷོ་ཀོ་རི་ཡའི་ཇི་ཇུ་ (Jeju) གླིང་ཕྲན། ཝེ་ཐི་ནམ་གྱི་རྒྱལ་ས་ཧེ་ནཱོ་ (Hanoi) སོགས་ཀྱི་ནང་མཁའ་ལམ་ཤར་གཏོང་བྱེད་འཆར་ཡོད་པ་དང་། མཁའ་ལམ་དེ་དག་གི་འབྲེལ་མཐུད་གཙོ་བོ་རྒྱ་ནག་གི་ཁྲོང་ཆིན་གྲོང་ཁྱེར་ལ་མཐུད་ཀྱི་ཡོད་པ་སོགས་བསྒྲགས་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།