ཧོང་ཀོང་ནང་བོད་དོན་གླེང་མོལ་ཕྱིར་འགྱངས་བྱས་ཡོད་པ།
2009.03.18
༄༅༎ཧོང་ཀོང་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པར་བོད་དང་འབྲེལ་བའི་གནད་དོན་སྐོར་གླེང་མོལ་གནང་རྒྱུའི་ལས་དོན་ཕྱིར་འགྱངས་བྱས་དགོས་པ་བྱུང་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲིལ་བསྒྲགས་འགན་འཛིན་ཀེཏ་སོན་ཌར་ཡིས་བདུན་ཕྲག་འདིའི་རེས་གཟའ་མིག་དམར་ཉིན་ཧོང་ཀོང་ནང་ཕྱི་རྒྱལ་གྱི་གསར་འགོད་མཐུན་ཚོགས་ཐོག་བོད་མིའི་རང་ཐག་རང་གཅོད་ཀྱི་རྩ་དོན་སྐོར་གླེང་མོལ་གནང་རྒྱུའི་ལས་དོན་འཆར་གཞི་གཏན་འབེབས་གནང་ཡོད་པ་རེད། འོན་ཀྱང་ལས་འཆར་དེའི་ཐོག་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་པ་སྟོན་ནས་ལས་འཆར་དེ་དག་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད་ཅེས་དེ་རིང་རེས་གཟའ་ལྷག་པའི་ཉིན་གོ་སྒྲིག་ལས་དོན་ཚོགས་ཆུང་གི་འགན་འཛིན་ཧརྦ་ཡིས་ཨེ་ཨེཕ་པི་གསར་འགྱུར་བརྒྱུད་ལམ་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་འདུག
ཡང་གོ་སྒྲིག་ལས་དོན་ཚོགས་ཆུང་གི་འགན་འཛིན་གྱིས་ད་རེས་ཧོང་ཀོང་ནང་ཕྱི་རྒྱལ་གསར་འགོད་པ་ཚོའི་ཐོག་བོད་མིའི་རང་ཐག་རང་གཅོད་ཀྱི་རྩ་དོན་སྐོར་གླེང་མོལ་གནང་རྒྱུར་རྒྱ་ནག་གཞུང་གིས་མོས་མཐུན་བྱེད་ཀྱི་མེད་པ་རེད་ཅེས་གསུངས་ཡོད་པ་རེད། དེ་ནང་བཞིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ལྷོ་རྒྱ་ནག་སྔ་དྲོའི་ཕོ་ཉ་ཞེས་པའི་གསར་ཤོག་ཐོག་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་བོད་མི་ཁ་བྲལ་བ་ཚོ་ཧོང་ཀོང་ནང་འཛུལ་ཞུགས་བྱས་ནས་རྒྱ་ནག་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་ཚོར་ང་ཚོས་མཐའ་ཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་གོང་ཞུས་གསར་ཤོག་ནང་བཀོད་ཡོད་པ་རེད༎