རྡོ་རྗེ་གླིང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་བཙུགས་གནང་བ།
2009.08.18
༄༅༎ཉེ་ལམ་རྒྱ་གར་བྱང་ཤར་རྡོ་རྗེ་གླིང་གྲོང་ཁྱེར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཚོགས་པ་གསར་པ་དེར་འཚམས་འདྲི་གནང་འདུག
རྡོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པ་དེར་རྒྱུན་ལས་ཚོགས་མི་ཉི་ཤུ་རྩ་བདུན་ཡོད་ཅིང་རྒྱུན་ལས་ཚོགས་མིའི་ཡོང་ཁུངས་ནི་རྡོ་གླིང་ས་གནས་སུ་ཆགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་འདྲ་མིན་འཐུས་མི་ཡིན་པ་རེད། གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ནི་ཏ་མང་ནང་པའི་ཆོས་ཚོགས།ཤར་པ་ནང་པའི་ཆོས་ཚོགས།ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པ།བོད་རིགས་ཁ་ཆེའི་ཚོགས་པ།ཡོལ་མོ་ནང་པའི་ཚོགས་པ།སྐྱིད་སྡུག་བཅུ།ལྕག་པོ་རི་བོད་ཀྱི་སྨན་རྩིས་ཁང༌།ཆོས་ཀྱི་འཁོར་ལོའི་ཚོགས་པ།འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌།བོད་རང་བཙན་སློབ་ཕྲུག་ཚོགས་པ།མརཀཇ་དགོན་པ་བཅས་ཡིན་པ་རེད། དེ་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་ནས་འཚམས་འདྲི་གནང་བའི་ནང་དེ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གསར་བཙུགས་གནང་སྐོར་ཤེས་རྟོགས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་འདི་གའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁང་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ལམ་ལྷོང་ལྡན་པའི་ཐོག་ནས་ཚུགས་ཐུབ་པར་འཚམས་འདྲི་ཞུ་རྒྱུ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་འགན་ཁུར་ཚོགས་མི་འོས་འདེམས་གསར་དུ་བྱུང་བ་ཆ་ཚང་ནས་དེ་འདྲའི་ཚོགས་པ་ཞིག་འགོ་འཛུགས་བྱ་ཐུབ་རྒྱུར་གཞི་རྩའི་འགན་ཁུར་བར་ཐུགས་རྗེ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེས་ང་ཚོའི་རྩ་དོན་བསྒྲུབ་རྒྱུར་ལེའུ་གསར་པ་ཞིག་ཕྱེ་བའི་རེ་བ་ཞུ་ཡི་ཡོད། ང་ཚོས་རྒྱབ་སྐྱོར་ཚོགས་པ་དེ་དང་ལྷན་དུ་ནུས་ལྡན་གྱི་ཐོག་ནས་ལས་འཁུར་ཞུ་རྒྱུ་ཡིན་ཞེས་འཁོད་འདུག ཀ་ལིམ་སྦུག་དང་རྡོ་རྗེ་གླིང༌།སྒང་ཏོག་བཅས་ནས་དེ་སྔ་ཕྱི་ལོ་༡༩༥༩ལོར་བོད་ས་ཡོངས་ལ་རྒྱ་ནག་གུང་གྲན་ཏང་གིས་དབང་བསྒྱུར་མ་བྱས་གོང་ནས་གཞིས་སྤོས་བྱས་པའི་བོད་རིགས་ཁྱོན་ཆེ་ཡོད་ཅིང་བོད་རིགས་དེ་དག་རྒྱ་གར་ཡུལ་པར་གྱུར་ཟིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་གཙིགས་ཆེར་འཛིན་གྱི་ཡོད་པ་རེད༎