བོད་མི་ཚོས་སུད་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ལས་འགུལ་སྤེལ་འདུག

2022.02.14
བོད་མི་ཚོས་སུད་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ལས་འགུལ་སྤེལ་འདུག བོད་མི་ཚོས་སུད་སིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ལས་འགུལ་སྤེལ་སྐབས། ༢།༡༣།༢༠༢༢
tibet.net

༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་བསྒྲགས་གནང་ནས་ལོ་ངོ་བརྒྱ་དང་དགུ་འཁོར་བའི་དུས་དྲན་ཉིན། འདི་ཚེས་༡༣་ཉིན་སུད་སི་ཁུལ་དུ་གནས་སྡོད་བོད་མི་ཚོས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཞིག་དང་སྦྲགས། གྲོང་ཁྱེར་འཇི་ནི་ཝའི་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལས་ཁུངས་མདུན་དུ་བོད་དོན་ལས་འགུལ་སྤེལ་ཡོད་པ་དང་། མི་མང་འདུ་འཛོམས་ཀྱི་ལས་འགུལ་དེའི་སྐབས། བོད་རྒྱ་ནག་གི་ཆ་ཤས་རྩ་བ་ནས་མིན། ཡིན་ནའང་དབུ་མའི་ལམ་ནི་ཡུན་གནས་ཐུབ་པའི་ཐབས་ལམ་ཞིག་ཡིན་ཞེས་ཚིག་བརྗོད་འཁོད་པའི་ཕྲེད་དར་འཕྱར་བ་སོགས་ཀྱི་ལམ་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་བཞིན་པ་དེར་གདོང་ལེན་དང་། དེ་སྔའི་བོད་ཀྱི་དངོས་ཡོད་གནས་སྟངས་ངོ་སྤྲོད་བྱེད་རྒྱུ་ཡིན་ཞེས་སྐད་འབོད་རྒྱབ་ཡོད་འདུག
ཁོང་ཚོའི་གསར་འགོད་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་ཚོའི་ཐོག་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པ་དེའི་རྒྱུ་མཚན་ཡང་དག་ཡིན་པའི་གསལ་བཤད་ག་འདྲ་ཞིག་བྱས་རུང་ལོ་རྒྱུས་ཐོག་འཁོད་པའི་ཕྱི་ཟླ་གཉིས་པའི་ཚེས་བཅུ་གསུམ་རང་བཙན་བསྒྲགས་གཏམ་སྤེལ་གནང་བའི་ཉིན་མོ་དེ་ནི་བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོས་ནམ་ཡང་མ་བརྗེད་པའི་ཐོག་ནས་དྲན་གསོ་ཞུ་གི་རེད་ཅེས་བཀོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་བདེན་མཐའ་སེལ་ཐབས་དང་བོད་ཀྱི་དངོས་ཡོད་ལོ་རྒྱུས་རྣམས་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་སྤེལ་ཡོད་འདུག
ལས་འགུལ་སྐབས་སུད་སིའི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་གཙོ་དང་། ཚོགས་གཞོན་རྣམ་པས་དུས་ཚིགས་དང་འབྲེལ་བའི་གཏམ་བཤད་སྤེལ་གནང་ཡོད་འདུག
དེ་བཞིན་སྤྱི་ཚེས་༡༣་ཉིན་རྒྱ་གར་རྡ་རམ་སཱ་ལར་མི་མང་འདུ་འཛོམས་གྱིས་མཁས་པའི་བགྲོ་གླེང་དང་། ཡང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ཨ་རིའི་ནེའུ་ཡོག་ཁུལ་དུ་གཏམ་བཤད་མཛད་སྒོ་ཚོགས་པ་དང་། བོད་ཀྱི་བང་ཆེན་གསར་ཁང་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་དོན་རྒྱབ་སྐྱོར་བ་ཚོས་ལོ་རྒྱུས་མཁས་པ་གདན་ཞུས་ཀྱིས་དྲྭ་ལམ་བརྒྱུད་དུས་ཚིགས་དང་འབྲེལ་ཁག་སོ་སོར་བགྲོ་གླེང་གནང་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎