སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་ལྷོ་ཏྲེ་རོལ་རང་སྐྱོང་གི་མཛད་སྒོར་བོད་དོན་གཏམ་བཤད་གནང་འདུག

སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷོ་ཏྲེ་རོལ་གྱི་རང་སྐྱོང་དུས་དྲན་ཐེངས་༥༠་པའི་མཛད་སྒོར་མཉམ་ཞུགས་གནང་ནས་བོད་དོན་གཏམ་བཤད་གནང་འདུག
དེ་ཡང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དོན་གཅོད་ཁང་དེའི་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུག་གི་འབྲེལ་མཐུད་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་ལྷན་དུ། ལྷོ་ཏྲེ་རོལ་གྱི་གྲོང་ཁྱེར་(Merano)་དུ་ཕེབས་ཏེ་སྤྱི་ཟླ་༩པའི་ཚེས་༥ཉིན་ཨེ་ཏ་ལིའི་མངའ་ཁོངས་སུ་ཡོད་པའི་ལྷོ་ཏྲེ་རོལ་(Tyrol)་རང་སྐྱོང་གི་དུས་དྲན་ཐེངས་༥༠པའི་དུས་དྲན་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། མཛད་སྒོ་དེའི་འདུ་འཛོམས་སར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིགས་འཛུགས་ཀྱི་ངོས་ནས་ལྷོ་ཏྲེ་རོལ་གྱི་མི་མང་དང་གཞུང་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་ཆབས་ཅིག ༧གོང་ས་མཆོག་ལོ་༢༥འི་གོང་དུ་ལྷོ་ཏྲེ་རོལ་དུ་ཆིབས་བསྒྱུར་གནང་བར་དྲན་གསོ་དང་བོད་དོན་གཏམ་བཤད་གནང་འདུག
དེའི་ཐད་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ལྷོ་ཏྲེ་རོལ་(Tyrol)་རང་སྐྱོང་གི་དུས་དྲན་མཛད་སྒོ་དེར་སྲིད་སྐྱོང་མཆོག་གདན་འདྲེན་ཞུས་ཡོད་ཀྱང་ད་སྐབས་གྲོས་ཚོགས་ཚོགས་བཞིན་པར་བརྟེན་ཁོང་མོ་སྲིད་སྐྱོང་གི་ཚབ་བྱས་ནས་མཛད་སྒོ་དེར་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་བྱུང་། ༧གོང་ས་མཆོག་གི་དགོངས་པར་ལྷོ་ཏྲེ་རོལ་གྱི་གནས་སྟངས་གལ་ཆེན་ལ་གཟིགས་བཞིན་ཡོད་པ་དང་། ང་ཚོས་བོད་ལ་རང་སྐྱོང་ཚད་ལྡན་ཞིག་ཡོང་བར་འཐབ་རྩོད་བྱེད་བཞིན་པ་ལྟར། ལྷོ་ཏྲེ་རོལ་གྱི་གནས་བབ་དེ་རང་སྐྱོང་གི་ས་གནས་རེད། དེ་བས་ང་ཚོས་མིག་དཔེ་བལྟ་ས་ཞིག་ཆགས་ཡོད་པ་གསུངས་བྱུང་།
མ་ཟད་མཛད་སྒོའི་ཐོག་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ལྷོ་ཏྲེ་རོལ་ནི་རང་སྐྱོང་ཚད་ལྡན་གྱི་མིག་དཔེ་ལྟ་ཡུལ་ཞིག་ཡིན་པ་དང་། བོད་མི་རྣམས་ཀྱིས་ཀྱང་བོད་ལ་རང་སྐྱོང་ཚད་ལྡན་ཞིག་ཐོབ་པའི་རེ་བ་དང་འདུན་པ་དེ་མུ་མཐུད་དེ་སྐྱོང་བཞིན་ཡོད་པའི་སྐོར་སོགས་གཏམ་བཤད་གནང་ཡོད་འདུག
ལྷོ་ཏྲེ་རོལ་ལ་རང་སྐྱོང་ཐོབ་ནས་ལོ་༥༠འཁོར་བའི་དུས་དྲན་གྱི་མཛད་སྒོ་དེའི་སྐུ་མགྲོན་གཙོ་བོར་ལྷོ་ཏྲེ་རོལ་གྱི་རྫོང་དཔོན་(Arno KOmpatscher)་ལགས་དང་། (Tyrol)་གྱི་རྫོང་དཔོན་(Genther Platter)་ལགས་མཉམ་ཞུགས་གནང་ཡོད་པ་མ་ཟད། (Austrian)་གཞུང་གི་ཡོ་རོབ་མཐུན་ཚོགས་ཀྱི་བློན་ཆེན་(Karoline Edtstadler)་ལགས་དང་། ཨེ་ཏ་ལེ་(Italy)་དཔལ་འབྱོར་དང་དངུལ་རྩིས་བློན་ཆེན་(Daniele Franco)་ལགས་སོགས་གནད་ཡོད་དཔོན་རིགས་ཁག་མཉམ་ཞུགས་གནང་ཡོད་པ་རེད་འདུག
དེ་དང་མཉམ་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཨེ་ཏ་ལེའི་བོད་ཀྱི་ཚོགས་པའི་ཚོགས་མི་རྣམས་ལ་ཡང་མཇལ་འཕྲད་གནང་བ་དང་། ཁོང་རྣམས་ཀྱིས་དུས་ཡུན་རིང་པོ་ཞིག་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་བཞིན་པ་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་འདུག
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།