མདོ་སྨད་དྷཱིཿཚ་དགོན་པ་ནས་གྲྭ་པ་ལོ་ཆུང་ཚོ་ཕྱིར་ཕུད་ཀྱིས་རང་ཁྱིམ་དུ་བསྐྱེལ་ཡོད་འདུག
རྒྱ་ནག་གཞུང་གིས་མདོ་སྨད་བ་ཡན་རྫོང་དྷཱིཿཚ་དགོན་པའི་དགེ་འདུན་པ་ལོ་ཆུང་༥༠་ཙམ་ལོ་ན་སོན་མེད་སྐོར་བརྗོད་ནས་དགོན་པ་ནས་ཕྱིར་ཕུད་ཀྱིས་རང་ཁྱིམ་དུ་སྐྱེལ་བཞིན་ཡོད་འདུག
འདི་ལོའི་ཕྱི་ཟླ་༡༠་བའི་ཚེས་༡་ཙམ་ནས་བཟུང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་སྲོལ་ཡིག་ཟེར་བ་བསྐྱར་བཅོས་དང་གསར་སྣོན་བཅས་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་ལྟར། ད་ལྟའི་ཆར་ཆོས་ལུགས་ཁྲིམས་ལུགས་ཟེར་བ་དེའི་ནང་དོན་ལག་བསྟར་དགོས་སྐོར་བརྗོད་ནས། མཚོ་སྔོན་ཞིང་ཆེན་དྷཱིཿཚ་དགོན་པ་ནས་ལོ་ན་༡༡་ནས་༡༥་བར་ཙམ་ཡིན་པའི་གྲྭ་ཆུང་༥༠་ཙམ་དགོན་པ་ནས་ཕྱིར་ཕུད་ཀྱིས་རང་ཁྱིམ་དུ་སྐྱེལ་བཞིན་པ་མ་ཟད། དེ་མིན་ད་དུང་བྱ་ཁྱུང་དགོན་པ་གཙོས་མཚོ་སྔོན་ཕྱོགས་ཀྱི་དགོན་པ་ཁག་ཏུ་ལོ་ན་མ་སོན་པའི་བྱིས་པ་དགོན་པར་ཆོས་ཞུགས་མི་ཆོག་སྐོར་བརྗོད་དེ་དགོན་པ་དེ་དག་གི་ནང་གི་གྲྭ་བ་ལོ་ཆུང་ཚོ་ཕྱིར་ཕུད་དང་། སྲིད་གཞུང་གི་མི་སྣས་དམ་དྲག་དང་ལྟ་རྟོག་རིགས་བྱེད་བཞིན་ཡོད་པ་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་བརྒྱུད་འགྲེལ་བརྗོད་གནང་བྱུང་།
གནས་ཚུལ་ངོ་སྤྲོད་པས། གནད་དོན་དེ་ཉེ་སྔོན་ཕྱི་ཟླ་༡༠་བའི་ཚེས་༢༠་ནས་བཟུང་དངོས་སུ་འགོ་ཚུགས་ཡོད་པ་དང་། བར་ལམ་གོང་རིམ་ནས་ཁྲིམས་སྒྲིག་རྐྱེན་གྱིས་གནད་དོན་དེའི་སྐོར་ནས་དམ་དྲག་ནན་མོ་བྱེད་བཞིན་ཡོད་པ་དང་། དགོན་པ་གཞན་དུ་ཡང་དེ་བཞིན་ལག་བསྟར་བྱེད་བཞིན་ཡོད་ཀྱང་གྲྭ་བ་ག་ཚོད་ཕྱིར་ཕུད་བཏང་ཡོད་སོགས་ཤེས་རྟོག་མི་ཐུབ་པ་དང་། མ་འོངས་པར་གྲྭ་བ་ལོ་ཆུང་དེ་དག་ཕྱིར་དགོན་པར་ཡོང་མི་ཆོག་པའི་དྲན་སྐུལ་ནན་མོ་བྱེད་བཞིན་པ་མ་ཟད། གྲྭ་བ་ལོ་ཆུང་ཚོ་དགོན་པ་ནས་ཕྱིར་ཕུད་རྗེས་གྲྭ་ཆས་གྱོན་མི་ཆོག་པ་མ་ཟད། མ་འོངས་པར་ཁོ་ཚོ་སྲིད་གཞུང་གི་སློབ་གྲྭར་གཏོང་གི་ཡོད་མེད་སོགས་ཀྱི་ཐད་གསལ་ཁ་གང་ཡང་མེད་པ་དང་། སྤྱིར་གྲྭ་བ་ལོ་ཆུང་དེ་དག་བཙན་ཐབས་ཀྱིས་དགོན་པར་ཁྲིད་ཡོང་བ་གང་ཡང་མིན་པར་རང་རང་གི་འདོད་མོས་བཞིན་ཕ་མ་ཚོས་གྲྭ་སར་བཞག་པ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
ཉེ་སྔོན་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་པའི་ཆོས་ལུགས་སྲོལ་ཡིག་ནང་། དགོན་པ་ཁག་གིས་གང་འདོད་དུ་ནར་མ་སོན་པའི་བྱིས་པ་ཆོས་སྒོ་དང་ཆོས་ལུགས་བྱེད་སྒོར་ཞུགས་འཇུག་མི་ཆོག་སྐོར་བཀོད་པ་ལས། ལོ་ཚད་སོགས་གང་ཡང་བཤད་མེད་པ་རེད་ལ། བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ནས། སྤྱིར་དེ་སྔ་ཕྱི་ལོ་༢༠༠༨་ལོ་ཙམ་ནས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ལོ་ན་༡༨་མ་སོན་པར་གྲྭ་བ་བྱས་མི་ཆོག་པའི་ཁྲིམས་སྒྲིག་ལག་བསྟར་བྱས་ཡོད་ཀྱང་། ཐེངས་འདིར་མཚོ་སྔོན་གྱི་ཆོས་ལུགས་སྲོལ་ཡིག་ནང་གྲྭ་བ་བྱེད་པར་ལོ་ཚོད་སོགས་གང་ཡང་མེད་པར་ལོ་ན་མ་སོན་པའི་རིགས་གྲྭ་བ་བྱས་མི་ཆོག་ཅེས་བརྗོད་པ་དང་། གནད་དོན་དེ་གཙོ་བོ་བོད་ཀྱི་ཆོས་རིག་དང་དགོན་སྡེ་ཁག་རྩ་གཏོར་གཏོང་ཐབས་ཀྱི་དམིགས་ཡུལ་ཡིན་པ་ཞིག་མཐོང་གི་ཡོད་པ་གསུངས་སོང་།
རྒྱ་ནག་གཞུང་གིས་ཐེངས་འདིར་མཚོ་སྔོན་ཞིང་ཆེན་ཙམ་མ་ཡིན་པར་དེ་སྔ་ནས་བོད་ཁུལ་ཡོངས་ཀྱི་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་འཇོག་པར་དམ་དྲག་དང་། བོད་ཀྱི་དགོན་སྡེ་དང་གདན་ས་ཆེན་པོ་ཁག་ཏུ་གྲྭ་བ་གང་བྱུང་གསར་འཇུག་དང་དགོན་པ་རྒྱ་སྐྱེད་མི་ཆོག་པར་གཏོར་བཤིག་དང་། སྔར་ལོ་ནས་བཟུང་བོད་ཀྱི་དགོན་པ་ཁག་ཏུ་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་བ་སོགས་ཀྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་བཞིན། བོད་གནས་ལྟ་ཞིབ་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་པདྨ་རྒྱལ་ནས་གནད་དོན་གཙོ་བོ་རྒྱ་ནག་གཞུང་གིས་ལོ་ཆུང་ཚོས་འོས་འགན་སློབ་གསོ་མྱོང་དགོས་ཞེས་པར་ཁ་གཡར་ནས་ན་ཚོད་མ་ཟིན་པ་ཚོ་གྲྭ་བ་བྱས་མི་ཆོག་པར་བཤད་བཞིན་ཡོད་ཀྱང་། དོན་དངོས་སུ་སྲིད་བྱུས་དེ་བྱིས་པ་ཚོ་ཆུང་དུས་ནས་བོད་ཀྱི་རིག་གནས་དང་བར་ཐག་རིང་དུ་བཏང་སྟེ། རྒྱ་ནག་གཞུང་གི་དམར་ཤོག་གི་ལྟ་གྲུབ་སློབ་གསོ་སྤྲོད་ཐབས་དང་བོད་ཀྱི་དགོན་སྡེ་ཁག་གི་གྲྭ་རྒྱུན་མེད་པ་བཟོ་བའི་སྲིད་བྱུས་ཤིག་ཡིན་སྐོར་བརྗོད་བྱུང་།
རྒྱ་ནག་གཞུང་གིས་བསྐྱར་བཅོས་གསར་སྣོན་བྱས་པའི་མཚོ་སྔོན་ཞིང་ཆེན་ཆོས་ལུགས་སྲོལ་ཡིག་ཟེར་བ་དེ། འདི་ལོའི་ཕྱི་ཟླ་༧་ཚེས་༢༨་ཉིན་མཚོ་སྔོན་ཞིང་ཆེན་མི་མང་འཐུས་མི་ཚོགས་ཆེན་ཟེར་བས་ཆོག་མཆན་སྤྲད་པ་ལྟར། ཕྱི་ཟླ་༡༠་ཚེས་༡་ནས་བཟུང་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་དང་། དེ་སྔ་ཕྱི་ལོ་༢༠༠༩་ལོའི་ཆོས་ལུགས་སྲོལ་ཡིག་ཟེར་བར་ལེའུ་༨་དང་ནང་གསེས་དོན་ཚན་༥༤་ཙམ་ལས་མེད་ན་ཡང་། ཐེངས་འདིར་གཏན་འབེབ་བྱས་པའི་ཆོས་ལུགས་སྲོལ་ཡིག་ཟེར་བ་དེའི་ནང་ལེའུ་༩་དང་ནང་གསེས་དོན་ཚན་༧༡་ཡོད་པ་ལས། ཆོས་ལུགས་བྱེད་སྒོ་གང་བྱུང་སྤེལ་མི་ཆོག་པ་དང་། ནར་མ་སོན་པའི་བྱིས་པ་ཆོས་སྒོར་ཞུགས་མི་ཆོག་པ། གཞན་ཡང་ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་བར་ཕྱོགས་ཡོངས་ནས་འབད་བརྩོན་དགོས་པ་སོགས་ཁག་ཅིག་ཁ་སྣོན་བྱས་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། འབེན་པ་སྟོབས་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།