རྒྱ་ནག་གིས་བལ་ཡུལ་གྱི་ཞིང་པའི་ས་ནས་རྩ་སྐམ་པོ་དང་སེམས་ཅན་གསོ་ཚགས་ཆེད་ཀྱི་གཟན་རྩ་མཁོ་སྒྲུབ་བྱ་རྒྱུ་ཡིན་འདུག
གཟའ་ཟླ་བའི་ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་ཚོང་གཉེར་ལས་ཁང་ཞིག་གིས་བལ་ཡུལ་གྱི་རྒྱལ་ས་ཀཐ་མན་ཌུའི་ནང་སྤེལ་བའི་རྒྱ་ནག་དང་བལ་ཡུལ་དབར་གྱི་ཚོང་འབྲེལ་གྱི་ཚོང་འདུས་ཤིག་གི་སྐབས་བལ་ཡུལ་དང་བོད་དབར་འབྲེལ་ཡོད་ཚོང་གཉེར་ཁང་གཉིས་དབར་རྩ་སྐམ་པོ་གཟན་རྩ་ཉོ་གྲུབ་བྱེད་ཕྱོགས་ཀྱི་གྲོས་མཐུན་ལ་ས་རྟགས་བཀོད་ཡོད་འདུག
བལ་ཡུལ་ནུབ་ཁུལ་གྱི་ས་གནས་ཀྱི་གནམ་གཤིས་དང་ས་ཆའི་ཆ་རྐྱེན་གྱིས་དེའི་ཁུལ་དུ་གཟན་རྩ་སྐྱེ་འཕེལ་བཟང་པོ་ཡོད་སྟབས། དེས་གཡག་སོགས་སེམས་ཅན་ལ་དགོས་མཁོ་ཆེན་པོར་གྱུར་བཞིན་ཡོད་ཅིང་། བོད་ལ་གཟན་རྩ་དགོས་མཁོ་ཧ་ཅང་འཕོན་ཆེ་ཡོད་ལ། རྒྱ་ནག་ནང་ནས་གཟན་རྩའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་སྟབས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་ནས་གཟན་རྩ་ནང་འདྲེན་བྱེད་ཀྱི་ཡོད་ཅིང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་དང་བལ་ཡུལ་གྱི་ཞིང་པའི་དབར་གཟན་རྩ་ཉོ་སྒྲུབ་ཐད་མཉམ་ལས་བྱ་རྒྱུའི་འཆར་གཞི་དེས་བལ་ཡུལ་གྱི་གཟན་རྩ་དང་རྩ་སྐམ་པོ་སྤུས་ལེགས་ཕྱིར་ཚོང་བྱ་རྒྱུའི་ལས་དོན་ཡང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ལུགས་Republica དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག
རྒྱ་ནག་གཞུང་གིས་ཉེ་བའི་ཆར་བལ་ཡུལ་གྱི་ས་མཚམས་ཁུལ་དུ་ལས་གཞི་སྤེལ་རྒྱུར་རོགས་དངུལ་སྤྲོད་ཡག་དང་དེ་བཞིན་བལ་ཡུལ་ནས་དངོས་ཟོག་ནང་འདྲེན་བྱེད་རྒྱུ་སོགས་བལ་ཡུལ་ལ་རོགས་རམ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་དུས་མཚུངས་། བལ་ཡུལ་ནང་ཡོད་པའི་བོད་མི་བཙན་བྱོལ་བ་ཚོའི་ཐོག་རྡུང་རྡེག་གཏོང་ཡག་མྱུར་ཚད་ཡང་བལ་ཡུལ་གཞུང་བརྒྱུད་ནས་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། སྤྱིར་བལ་ཡུལ་དང་བོད་དབར་ལ་རྒྱ་ནག་གཞུང་གིས་ཚོང་དོན་གྱི་ཐོག་ནས་འབྲེལ་ལམ་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། ཕྱི་འབྲེལ་གྱི་གནས་བབ་འདིའི་འོག་ནས་བལ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བའི་ཐོག་ལ་བལ་ཡུལ་གཞུང་གིས་གནོན་ཤུགས་སྤྲོད་པ་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་དང་ཆོས་ཕྱོགས་ཀྱི་འདུ་འཛོམས་བྱེད་རྒྱུར་འགོག་རྐྱེན་བཟོས་པ།
ལྷག་པར་བོད་མིའི་སྐྱབས་བཅོལ་བའི་གནས་བབ་ཀྱི་ཡིག་ཆ་མེད་མཁན་ཚོར་བལ་ཡུལ་གཞུང་གིས་ཡིག་ཆ་སྤྲོད་རྒྱུ་བཀག་བསྡོམས་བྱས་ཏེ་བོད་མི་ཚོར་སྐྱབས་བཅོལ་བའི་གནས་བབ་མེད་དེ་ཚོང་དང་ལས་དོན་གཉེར་ཕྱོགས་ལ་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་ཡོད་པ་ས་གནས་བོད་མི་མང་ཚོགས་ཀྱིས་བརྗོད་བཞིན་ཡོད་པ་རེད།
གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།