བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་ཡིད་མགུ་ཐབས།
2009.02.14
༄༅༎བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གཞུང་འབྲེལ་ཤིན་ཧུལྦ་གསར་སྤེལ་ཚན་པས་ཟླ་བ་འདིའི་ཚེས་བཅུ་གསུམ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན་ན་ནིང་ལོ་ལས་ད་ལོའི་རྒྱ་ནག་གི་ལོ་གསར་དུས་སྟོན་སྐབས་སུ་རྒྱ་ནག་ནང་ཁུལ་དང་ཕྱིའི་རྒྱལ་ཁབ་ཁག་ནས་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་མི་གྲངས་ལྔ་ཁྲི་བདུན་སྟོང་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ལྷག་སླེབས་ཡོད་པ་རེད་ལ་ཡུལ་བསྐོར་སྤྲོ་འཆམ་པ་ཚོས་བོད་ནང་ཨ་མི་རི་ཀའི་ཌོ་ལར་ས་ཡ་དྲུག་ཙམ་འགྲོ་གྲོན་བཏང་སྟེ་དེ་ནི་ས་གནས་གཞུང་ལ་སྔ་ལོའི་ཡོང་བབ་ལས་བརྒྱ་ཆ་གཉིས་མིན་ཙམ་མང་བ་བྱུང་ཡོད་ལུགས་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ཀྱི་འགོ་འཁྲིད་ཚོས་བརྗོད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་བཏོན་པའི་སྙན་ཐོའི་ནང་ཕྱི་ལོ་༢༠༠༧ལོའི་གྲངས་འབོར་དང་བསྡུར་བ་ཡིན་ན་ཕྱི་ལོ་༢༠༠༨ལོར་བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་བརྒྱ་ཆ་བཞི་ཅུ་ཞེ་བཞི་ལྷག་ཉུང་བ་སླེབས་ཡོད་པ་རེད། བོད་ནང་བལྟ་བསྐོར་ལ་ཡོང་རྒྱུའི་འདུན་པ་ལྡན་པའི་ཕྱི་ནང་གི་མི་མང་ཚོར་ཀུན་སློང་འཕེལ་རྒྱས་གཏང་ཐབས་ཀྱི་ཆེད་དུ་བོད་རང་སྐྱོང་ལྗོངས་ཀྱི་ཡུལ་བསྐོར་སྤྲོ་འཆམ་ལས་ཁུངས་ཀྱིས་ན་ནིང་ལོའི་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ནས་འགོ་བཙུགས་ཏེ་ཡུལ་བསྐོར་སྤྲོ་འཆམ་ཁེ་ལས་ཁག་དང་གནས་བཤན་པ་དགུན་ཀའི་སྐབས་སུ་བལྟས་མོ་བལྟ་སའི་དམིགས་བསལ་ས་ཁུལ་ཁག་དང་མགྲོན་ཁང་དང་གནམ་གྲུ་སོགས་འགྲིམ་འགྲུལ་ཁེ་ལས་ཚང་མས་རིན་པ་བཅག་ཡོད་པ་རེད། བོད་ནང་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མཁན་ཡིད་མགུ་ཐབས་ཀྱི་དོན་དུ་རིན་པ་དང་འགྲོ་སོང་མཁེ་རུ་གཏོང་རྒྱུའི་ཐབས་བྱུས་བཏིང་པའི་རྗེས་སུ་ཡུལ་བསྐོར་སྤྲོ་འཆམ་པ་མང་ཤོས་ཀོང་པོ་ཉིང་ཁྲིའི་ནང་གི་འཛམ་གླིང་འདིའི་སྟེང་གི་གྲོག་ཤུར་མཐོ་ཤོས་ཡར་རླུང་གཙང་པོའི་ལུང་ཤུར་བལྟ་བར་སླེབས་ཡོད་པ་རེད།