ཕྱི་དྲིལ་བཀའ་བློན་མཆོག་གིས་ཡུའུ་ཁུ་རེན་ལ་གདུང་སེམས་མཉམ་སྐྱེས་ཀྱི་ཕྱག་བྲིས་ཕུལ་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་ཨུ་རུ་སུས་ཡུའུ་ཁུ་རེན་ནང་(Ukraine)་ནང་བཙན་འཛུལ་བྱེད་བཞིན་པར་བརྟེན་ཡུའུ་ཁུ་རེན་གྱི་མི་མང་རྣམས་ཀྱིས་དཀའ་སྡུག་ཆེན་པོ་མྱོང་བཞིན་པར་གདུང་སེམས་མཉམ་སྐྱེས་དང་། དེ་བཞིན་ཡུའུ་ཁུ་རེན་གྱི་མི་མང་ལ་རྒྱབ་སྐྱོར་ཡོད་ཅེས་ཡུའུ་ཁུ་རེན་བོད་དོན་རྒྱབ་སྐྱོར་ཚོགས་པར་ཕྱག་བྲིས་ཕུལ་འདུག
ཕྱག་བྲིས་དེའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱི་ཚབ་ཞུས་ནས་ངས་ཡུའུ་ཁུ་རེན་གཞུང་དང་མི་མང་རྣམས་ལ་སྙིང་ནས་གདུང་སེམས་མཉམ་སྐྱེས་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། ར་ཤེ་ཡའི་སྲིད་འཛིན་(Vladimir Putin)་གྱིས་འགོ་ཁྲིད་པའི་ར་ཤེ་ཡའི་དྲག་པོའི་དམག་གིས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱེད་བཞིན་པ་དེ་ནི་ཡུའུ་ཁུ་རེན་གྱི་རང་དབང་རང་བཙན་ལ་བརྩི་མེད་བྱས་པ་ཙམ་མ་ཟད། རྒྱལ་སྤྱིའི་ཁྲིམས་དང་། ཕྱི་འབྲེལ་སྲིད་ཇུས། ཡ་རབས་བཟང་སྤྱོད་བཅས་དང་འགལ་བ་ཞིག་རེད། རྒྱལ་སྤྱིའི་མི་མང་ཚོས་ར་ཤེ་ཡའི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་ནས་ར་ཤེ་ཡས་ཡུའུ་ཁུ་རེན་མི་མང་ལ་མནར་གཅོད་དང་དཀའ་ངལ་སྤྲོད་བཞིན་པ་མཚམས་འཇོགས་བྱ་དགོས་པ་རེད་ཅེས་དང་། ར་ཤེ་ཡའི་བཙན་འཛུལ་དེ་ནི་བོད་མི་ཚོར་ཆ་བཞག་ན་ཕྱི་ལོ་༡༩༥༠ལོར་རྒྱ་ནག་གི་དམག་མིས་བོད་ལ་བཙན་འཛུལ་བྱས་པ་དེ་བསྐྱར་དུ་དྲན་གསོ་བཏང་བ་ཞིག་ཡིན་པ་དང་། ར་ཤེ་ཡའི་བཙན་འཛུལ་དེ་ནི་ མང་གཙོ་དང་ཞི་བདེའི་ངང་མཉམ་གནས་ཐུབ་པའི་དུས་འདིར་བཙན་འཛུལ་བྱས་པ་ཞིག་ཡིན་སྟབས། བོད་མི་ཚོས་ཡུའུ་ཁུ་རེན་ལ་གདུང་སེམས་མཉམ་སྐྱེས་ཞུ་བ་དང་ཆབས་གཅིག་ དཀའ་སྡུག་འདི་མྱུར་དུ་མཇུག་སྒྲིལ་བའི་སྨོན་འདུན་ཞུ་བཞིན་ཡོད་ཅེས་བཀོད་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
ད་དུང་ཕྱག་བྲིས་ནང་། ཡུའུ་ཁུ་རེན་ནང་བོད་དོན་ལ་ལྷག་བསམ་གཡོ་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཁག་ཅིག་དང་། དེ་བཞིན་ནང་ཆོས་ཉམས་ལེན་བྱ་མཁན་ཁག་ཅིག་ཡོད་པ་དང་། ལྷག་པར་དུ་ཡུའུ་ཁུ་རེན་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི། བོད་མི་ཚོས་དཀའ་སྡུག་དང་འཐབ་རྩོད་བྱེད་བཞིན་པའི་དུས་འདིར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཀྱི་ཚོགས་པ་ཞིག་ཡིན་སྟབས། ད་ལྟ་ཡུའུ་ཁུ་རེན་ལ་དཀའ་ངལ་འཕྲད་བཞིན་པའི་སྐབས་འདིར་ང་ཚོས་ཁྱེད་རྣམས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོད། ཁྱེད་རྣམ་པའི་གཞུང་དང་དབུ་ཁྲིད་བཟང་པོའི་ལམ་སྟོན་འོག་བསྐྱར་དུ་ཁྱེད་རྣམས་ལ་རང་དབང་དང་ཞི་བདེ་ཡོང་གི་རེད་བསམ་ཀྱི་འདུག་ཞེས་བྲིས་ཡོད་འདུག
ལོ་སར་ཚེས་༡་ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། ད་སྐབས་ཨུ་རུ་སུས་ཡུའུ་ཁུ་རེན་ནང་བཙན་འཛུལ་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེས་ཞུ། ལོ་གསར་བའི་ནང་དམག་འཁྲུག་དང་ནད་ཡམས་ཞི་བའི་རེ་བ་སྨོན་ལམ་ཡོད་པ་གསུངས་ཡོད་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།