ཕྱི་དྲིལ་བཀའ་བློན་མཆོག་གིས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་གནང་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཨ་མི་རི་ཀའི་རྒྱལ་སར་གཞུང་དོན་ཆེད་འབྱོར་ཡོད་པ་ལྟར། ཁོང་རྣམ་གཉིས་ཀྱིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་དང་མཉམ་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་། གཞན་གནད་ཡོད་མི་སྣ་ཁག་དང་ལྷན་མཇལ་འཕྲད་ཀྱིས་ད་ལྟའི་བོད་ཀྱི་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་ལངས་ཕྱོགས་ལ་ཆོད་སེམས་བརྟན་ཡོད་པ་ནན་བརྗོད་གནང་འདུག
མཇལ་འཕྲད་སྐབས་བཀའ་མོལ་ཇི་བྱུང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་སུ་བཅར་འདྲི་ཞུས་སྐབས་། ཁོང་གིས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་བདུན་ཕྲག་གཅིག་རིང་ཨ་རིའི་རྒྱལ་སར་གཞུང་འབྲེལ་ལས་དོན་ཆེད་ཕེབས་ཡོད། ཚེས་༢༤་ཉིན་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་མཇལ་མོལ་གནང་བ་དང་། ཉིན་གང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཚོགས་འདུ་ཁག་བཞི་ཙམ་ལ་མཉམ་ཞུགས་གནང་ནས། གཙོ་བོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཨ་རི་གཞུང་གི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་དང་མཉམ་དུ་མ་འོངས་བར་བོད་དོན་ཐད་ཕྱག་ལས་གནང་ཕྱོགས་སོགས་ཐད་ཐད་གོ་བསྡུར་ཡག་པོ་བྱུང་ཡོད་པ་གསུངས་བྱུང་།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་༢༤་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དུ། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་སྐུ་ཚབ་ལྕམ་(Uzra Zeya)་ལགས་དང་མཇལ་འཕྲད་སྐབས། ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ། བཀའ་ཤག་གསར་པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་དང་། ཨ་རིས་བོད་མི་ཚོར་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་འདུག་ལ། ད་རེས་ཀྱི་མཇལ་འཕྲད་བརྒྱུད་འབྱུང་འགྱུར་ཨ་རི་གཞུང་དང་བོད་མིའི་སྒྲིག་འཛུགས་བར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ལས་དོན་གནང་ཕྱོགས་ཀྱི་གཞི་རྟེན་བསྐྲུན་ཡོད་པ་གནས་ཚུལ་ནང་བཀོད་འདུག
སྐབས་དེར་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Ziya)་ལགས་ཀྱིས། གང་མགྱོགས་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་དུ་མཇལ་འཕྲད་ཞུ་འདོད་ཀྱི་འདུན་པ་ཤུགས་ཆེ་ཡོད་པ་གསུངས་འདུག
གཞན་ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས་ད་རེས་ཀྱི་ཕྱོགས་ཕེབས་སྐབས། ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབ་ལྷན་ཁང་གི་སྐུ་ཚབ་སྐུ་ཞབས་(Rashid Hussain)་ལགས་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་ལྕམ་སྐུ་(Nancy Jackson)་ལགས། ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་རོགས་སྐུ་ཞབས་(Scott Busby)་ལགས་བཅས་དང་མཇལ་མོལ་གནང་ཡོད་པ་མ་ཟད། མུ་མཐུད་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གནད་ཡོད་མི་སྣ་ཚོར་དང་མཇལ་འཕྲད་བྱེད་བཞིན་པ་རེད།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གི་ཐེངས་འདིའི་གཟིགས་སྐོར་ནི་ཁོང་གི་བཀའ་བློན་གྱི་དམ་འབུལ་ཞུས་པའི་རྗེས། ཕྱི་རྒྱལ་ཡུལ་གྲུའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐོག་མ་དེ་ཡིན་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཞིག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་(Uzra Ziya)་དང་དངོས་སུ་མཇལ་འཕྲད་གནང་བ་ཡང་ཐོག་མ་དེ་ཆགས་འདུག
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།