བོད་མི་མང་སྤྱི་འཐུས་ཚོཌ་གཙོ་བགྲེས་གཞོན་གྱིས་དམ་འབུལ།
2011.05.31
༄༅༎ཕྱི་ཟླ་ ༥ ཚེས་ ༣༠ ཐམ་པའི་ཉིན་གསར་དུ་འདེམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་ཕྱི་ཟླ་ ༥ ཚེས་ ༣༡ ཉིན་མཛད་འཁུར་དམ་འབུལ་ཞུས་གནང་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༥ ཚེས་ ༣༡ སྔ་དྲོ་བཀའ་ཤག་ཡང་སྟེང་མཆོད་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གི་དྲུང་དུ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང༌། ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་རྣམ་གཉིས་ནས་མཛད་འཁུར་དམ་བཅའ་འབུལ་བཞེས་གནང་ཡོད་པ་དང༌། དམ་འབུལ་གྱི་མཛད་སྒོའི་ཐོག་ཁྲིམས་ཞིབ་པ་གཞན་གཉིས་དང་བཀའ་བློན་ཁྲི་པ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་ལྷན་འཛོམས་གནང་ཡོད་པ་རེད།
ཉེ་བའི་ཆར་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་གཞུང་གི་འཛིན་སྐྱོང་དང་རྒྱལ་ཁབ་ཀྱི་དབུ་འཁྲིད་ཀྱི་མཚན་གནས་ཡོངས་རྫོགས་འོས་བསྡུའི་ལམ་ནས་སླེབས་པའི་སྒྲིག་འཛུགས་ཁག་ལ་རྩིས་སྤྲོད་གནང་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གྲོས་ཚོགས་ནས་གཏན་འབེབས་སོང་ཟིན་པ་དང༌། དེའི་ནང༌འོས་ཐོབ་སྤྱི་འཐུས་ཀྱི་ཚོགས་གཙོ་ཚོགས་གཞོན་གྱི་དམ་འབུལ་དེ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བའི་དྲུང་དུ་བཞེས་དགོས་སྐོར་གསལ་བ་ལྟར་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་ནས་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་མཛད་འཁུར་དམ་འབུལ་ཞུས་པ་ད་རེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་བཞིན་སྤྱི་འཐུས་བྱིངས་ཀྱི་དམ་འབུལ་ཡང་ཁྲིམས་ཞིབ་པ་ཆེ་བའི་དྲུང་དུ་བཞེས་དགོས་རྒྱུ་ཡིན་པ་རེད།
ཕྱི་ཟླ་ ༥ ཚེས་ ༣༠ ཉིན་སྐབས་བཅོ་ལྔ་པའི་འདེམས་ཐོན་སྤྱི་འཐུས་རྣམ་པ་ལྷན་འཛོམས་ཐོག་དབུས་འོས་བསྡུ་ལས་ཁང་གི་བཀོད་འདོམས་སྟངས་འཛིན་འོག་ཚོགས་གཙོ་ཚོགས་གཞོན་གསར་འདེམས་གནང་སྟེ། སྐབས་བཅུ་བཞི་པའི་ཚོགས་གཙོ་མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ལ་འོས་ཤོག་ ༢༢ ཐོབ་ཏེ་སྤྱི་འཐུས་སྐབས་བཅོ་ལྔ་པའི་ཚོགས་གཙོར་སླར་ཡང་མང་མོས་འདེམས་ཐོན་བྱུང་བ་དང༌། ཡང་རྙིང་མའི་སྤྱི་འཐུས་མཁན་པོ་བསོད་ནམས་བསྟེན་འཕེལ་ལགས་ལ་འོས་ཤོག་ ༢༠ ཐོབ་ཏེ་ཚོགས་གཞོན་དུ་མང་མོས་འདེམས་ཐོན་བྱུང་ཡོད་པ་རེད།