བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༨ དྲན་གསོ་བྱས་པ།


2017.03.10
བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ཀྱིས་བོད་མིའི་ནང་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་༥༨་སྲུང་བརྩི་གནང་སྐབས། ༢༠༡༧།༣།༡༠ བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ཀྱིས་བོད་མིའི་ནང་རང་དབང་སྒེར་ལངས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་༥༨་སྲུང་བརྩི་གནང་སྐབས། ༢༠༡༧།༣།༡༠
བློ་བྷེ།/RFA

རྡ་རམ་ས་ལ་གཙོས་ཡུལ་གྲུ་གང་སར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༥༨་པ་སྲུང་བརྩི་ཞུས་འདུག
དེ་ཡང་ཕྱི་ཟླ་༣་ཚེས་ ༡༠ ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རྒྱ་ཆེའི་མི་མང་གིས་རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་མཚོན་པའི་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༥༨ འཁོར་བའི་དུས་དྲན་བོད་མིའི་སྒྲིག་འཛུགས་གཞུང་དམངས་གཉིས་ནས་སྲུང་བརྩི་གནང་ཡོད་ཅིང་། ད་རེས་ཀྱི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེའི་ཐོག་དེར་ཐོག་བོད་ཀྱི་རྩ་དོན་ཆེད་ལུས་སྲོག་ཤོར་བ་ཚོར་རྗེས་དྲན་ཐུགས་སྨོན་དང་། མྱ་ངན་ངག་བཅད་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༦༠ ལོ་ནས་ ༢༠༡༡ བར་གསུམ་བཅུའི་དུས་དྲན་ཐོག་སྩལ་བའི་གསུང་བཤད་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་དབུ་འབྱེད་ཞུས་འདུག
གསུམ་བཅུའི་དུས་དྲན་སྐབས་སྤྱི་འཐུས་ཀྱི་གསུང་བཤད་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ནས་སྒྲོགས་སྦྱང་གནང་ཞིང་། དེའི་ནང་། རྒྱ་གཞུང་གིས་བོད་རྒྱའི་ཆབ་སྲིད་གནས་སྟངས་ཐོག་མཁྲེགས་བཟུང་ཅན་གྱི་སྲིད་བྱུས་འཛིན་པ་རྣམས་ལ་འགྱུར་བ་མ་བཏང་ཚེ་རྒྱ་གཞུང་དང་། བོད་མི་རིགས་དབར་འགལ་ཟླ་ཤུགས་ཆེ་རུ་འགྲོ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱ་གཞུང་ལ་ལྟ་སྟངས་ཇེ་སྡུག་ཏུ་སོང་སྟེ། ཆེ་མཐོང་ནམ་ཡང་སླེབས་ཐབས་མེད་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་གསུངས་པ་དང་། དེ་བཞིན་སྤྱི་འཐུས་ཀྱི་གསུང་བཤད་ནང་བོད་རྒྱའི་དཀའ་རྙོག་འདི་སེལ་དགོས་ན་འདི་ནི་རྒྱ་གཞུང་ཁོ་ནའི་ལག་ན་ཡོད་པས་རྒྱ་ནག་གི་འཛིན་འཛིན་ཞི་ཅིན་ཕིང་ནས་༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་འབྲེལ་མོལ་འགོ་འཛུགས་དང་། བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ལག་བསྟར་ཡོང་ཐབས་ལ་བསམ་ཤེས་བྱ་དགོས་པ་ནན་སྐུལ་གནང་འདུག
བཞུགས་སྒར་རྡ་རམ་ས་ལར་གཞུང་འབྲེལ་གྱི་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དེའི་ནང་། ཨི་ཊ་ལི་ལྷོ་ཊི་རིལ་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་དང་། ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱལ་བསྐྱོར་ཚོགས་པའི་སྐུ་ཚབ། ཁེ་ན་ཊའི་གྲོས་ཚོགས་འཐུས་མི་ཟུར་པ་ཁག་གཅིག་སྐུ་མགྲོན་དུ་ཆེད་ཕེབས་ཐོག་གསུང་བཤད་གནང་ཡོད་པ་རེད།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོག་སྦྱང་གནང་པའི་ནང་། དོན་སྙིང་བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པའི་སྲིད་བྱུས་འདི་ནི་རྒྱ་ནག་གཞུང་གི་རིག་གནས་གསར་བརྗེ་ཟེར་བ་དེ་མཇུག་བསྒྲིལ་ནས་ད་ཆ་ལོ་ ༤༠ སོང་བའི་རྗེས་སུ་སླར་ཡང་བསྐྱར་སློང་བྱེད་པ་ལྟ་བུ་ཆགས་ཡོད། དེར་བརྟེན་རྒྱ་གཞུང་གི་འགོ་འཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་རྒྱ་ནག་གི་དམར་ཚོགས་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་གིས་བོད་ཐོག་བཟུང་བའི་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་དང་། ༧གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་དོན་འགྲིག་འཇགས་ཡོང་རྒྱུར་༧གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་མཐུད་ཡོང་བར་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན་པ་སོགས་འཁོད་ཡོད་འདུག
དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་གྲོལ་བ་དང་བསྟུན་དེར་འདུས་བོད་མི་དང་། ཕྱི་རྒྱལ་གྱི་བོད་དོན་རྒྱབ་བསྐྱོར་བ་རྣམས་ཆར་ཅན་ལྟར་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་སྐད་འབོད་ངོ་རྒོལ་གྱི་གྲོམ་བགྲོད་གནང་ཡོད་འདུག
དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་མཉམ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་རྔམ་སྟོན་སྐད་འབོད་བྱས་སྐབས། ངོ་རྒོལ་ལས་འགུལ་བ་མི་གྲངས་༡༥༠་ཙམ་ཡོད་པ་ཚང་མ་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་ཉིན་གང་བཀག་ཉར་བྱས་རྗེས་གློད་གྲོལ་བཏང་འདུག
དེ་བཞིན་ཨའོསི་ཊརེ་ལི་ཡ་དང་ཐེ་ཝན། ཡོ་རོབ། ཨ་རི་དང་ཀེ་ན་ཌ་སོགས་འཛམ་གླིང་ཡུལ་གྲུ་མང་པོའི་གྲོང་ཁྱེར་ཁག་གི་ནང་བོད་པ་དང་བོད་དོན་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་རྣམ་པ་འདྲ་མིན་གྱི་ཐོག་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་དང་ཞུ་མུས་ཡིན་པ་རེད།
རྒྱ་ནག་གཞུང་གིས་གསུམ་བཅུའི་དུས་དྲན་ཉིན་༧གོང་ས་ཏཱ་ལའི་བླ་མའི་ཁ་བྲལ་ཤོག་ཁག་གི་བྱ་སྤྱོད་རིགས་ལ་སེམས་ཐག་གཙང་བཅད་ཀྱི་ངང་ནས་དྲག་གནོན་བྱ་རྒྱུ་ཡིན་ལུགས་བརྗོད་འདུག་ཅིང་།
བོད་རང་སྐྱོང་ལྗོངས་ཀྱི་སྲིད་སྐྱོང་གི་མིང་ཡོད་པ ཆེ་དགྲ་ལྷས་པེ་ཅིན་ནས་བརྗོད་དོན། བོད་ནང་གི་ཁ་བྲལ་རིང་ལུགས་པའི་ཐོག་སྲིད་གཞུང་ནས་སྲིད་བྱུས་ཁ་གསལ་པོ་ཞིག་བཟོས་ཏེ་ཏཱ་ལའི་རུ་ཚོགས་ཀྱི་གནོད་ཚབས་ཆེ་བའི་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན་ཚོ་སེམས་ཐག་ཆོད་པོའི་ངང་ནས་མཐར་སྐྲོད་གཏོང་རྒྱུ་ཡིན་ཞེས་རྒྱ་ནག་མི་མང་འཐུས་མིའི་ཚོགས་ཆེན་ཐོག་བརྗོད་འདུག
དེ་བཞིན་ཚོགས་འདུའི་ཐོག བོད་ཤར་ལྷོ་ཁུལ་གྱི་ལྷོ་ཁ་ས་གནས་ཀྱི་འཐུས་མི་བཀྲིས་དབྱངས་ཅན་གྱིས། གལ་ཆེ་ཤོས་དེ་མེས་རྒྱལ་གྱི་མཐའ་མཚམས་མངའ་ཁུལ་སྲུང་སྐྱོབ་བྱས་ནས་ཚོགས་སྡེ་སུ་ཞིག་ལའང་མེས་རྒྱལ་ནས་ང་ཚོའི་ས་ཆ་བསོར་གང་ཁ་བྲལ་གཏོང་དུ་འཇུགས་རྒྱུ་མིན་ཞེས་བརྗོད་འདུག།  བོད་ལྷོ་ཤར་ནི་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེ་དང་ས་མཚམས་འཁེལ་བའི་ས་ཁུལ་ཞིག་ཡིན་པ་རེད།

གསར་འགོད་པ་བསོད་ནམས་ལྷ་མོ་དང་། རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎