བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་བཞུགས་སྒར་དུ་མང་གཙོའི་དུས་དྲན་ཐེངས་༦༣པ་སྲུང་བརྩི་གནང་ཡོད་པ།

2023.09.02
བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་བཞུགས་སྒར་དུ་མང་གཙོའི་དུས་དྲན་ཐེངས་༦༣པ་སྲུང་བརྩི་གནང་ཡོད་པ། སྤྱི་ཟླ་༩པའི་ཚེས་༢ཉིན་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་བཞུགས་སྒར་དུ་མང་གཙོའི་དུས་དྲན་ཐེངས་༦༣པ་སྲུང་བརྩི་གནང་སོང་།
Photo: RFA

བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ཟླ་༩པའི་ཚེས་༢ཉིན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ནས། བོད་མི་ཚོར་ཡང་དག་པའི་མང་གཙོའི་ལམ་སྲོལ་གསོལ་སྩལ་གྱི་དུས་དྲན་ཐེངས་༦༣སྲུང་བརྩི་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་དུ། སྔ་ལོ་བཀའ་ཤག་གིས་མང་གཙོ་དུས་ཆེན་གྱི་གཏམ་བཤད་ནང་། གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་ཐབས་རེ་སྐུལ་ཞུས་པ་དོན་སྨིན་བྱུང་མེད་ནའང་། ཉེ་ལམ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་བཙུགས་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་ཟིན་འདུག་པར། བཀའ་ཤག་གི་བསམ་ཚུལ་ཁག་ཡིག་ཐོག་ནས་ཕུལ་ཟིན་པ་སོགས་གསལ་སྟོན་གནང་གི་འདུག

Speaker.jpg

ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ལྗགས་ཀློག་གི་ནང་། བོད་ནང་མཚོན་ན། བོད་མི་རྣམས་ལ་མང་གཙོའི་རང་དབང་ལྟ་ཞོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཚུན་ཆད་མེད་པར། རྒྱ་ནག་དམར་པོའི་གཞུང་གིས་འདས་པའི་ལོ་བཅུ་ཕྲག་མང་པོའི་རིང་མཁྲེགས་འཛིན་གྱི་སྲིད་བྱུས་འདྲ་མིན་འོག། བོད་མིའི་འགྲོ་འདུག་སྤྱོད་གསུམ་ཐོག་དཀའ་ངལ་རབ་དང་རིམ་པ་བཟོས་པས་མ་ཚད། བོད་མིའི་ངོ་བོ་ཁོར་ཡུག་དང་བཅས་པ་རྩ་བརླག་དང་། བོད་ཕྲུག་ས་ཡ་བརྒལ་བ་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་བརྟེན། ཨ་རིའི་གཞུང་གིས་འབྲེལ་ཡོད་རྒྱ་གཞུང་གི་དཔོན་རིགས་ཚོར་ཐོངས་མཆན་དམ་དྲག་གནང་རྒྱུ་ཡིན་པར་དགའ་བསུ་ཡོད་ལུགས་འཁོད་ཡོད་པ་རེད་།

མང་གཙོའི་དུས་དྲན་ཐེངས་༦༣པའི་སྐུ་མགྲོན་གཙོ་བོར་སི་ཝེ་ཊན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་མཱ་གྷ་རེ་ཊ། སི་ར་ཧྥེལ་ཌི་ལགས་ཀྱིས་སྣེ་འཁྲིད་པའི་སི་ཝི་ཊན་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བའི་ཚོགས་ཆུང་ཞིག་ཀྱང་ཕེབས་ཡོད་པས། དུས་དྲན་དངོས་གཞི་དབུ་མ་ཚུགས་སྔོན་བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས། སི་ཝེ་ཊན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་ཁ་གནང་སྟེ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་གལ་ཆེན་ཡིན་སྐོར་བཀའ་སྩལ་ཡོད་པ་རེད། ང་ཚོའི་མི་ཚེ་ཨ་མའི་བྱམས་བརྩེའི་འོག་ནས་མགོ་འཛུགས་གནང་བ་མི་ཚང་མ་གཅིག་མཚུངས་ཡིན་ནའང་། རིམ་པས་ཆོས་ལུགས་དང་ལྟ་གྲུབ། ཡུལ་ལུང་མི་འདྲ་བ་སོགས་ཀྱིས་ཕྱོགས་ཁ་ཤས་ནས་ང་ཚོས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཅུང་ཟད་སྣང་མེད་དུ་ཤོར་ཡོད་པས། ངོས་ནས་མི་ཚོར་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་ཡིན་པ་དང་།ང་དང་ཁོ་ཚོའི་རྒྱལ་ཁབ་ཟེར་ནས་དབྱེ་བ་འབྱེད་རྒྱུར་འབད་བརྩོན་བསྟེན་རྒྱུ་ཇེ་ཉུང་དུ་གཏོང་ཐབས་ལ་འབོད་སྐུལ་དང་། རྒྱ་ཆེ་ས་ནས་དགོངས་པ་བཞེས་ཏེ་འགྲོ་བ་མི་ཚང་མ་སྤུན་ཟླ་ཡིན་པའི་བསམ་བློ་འཁོར་དགོས་པ་གལ་ཆེན་རེད་ཅེས་བཀའ་སྩལ་ཡོད་པ་རེད།

ལྩམ་མཱ་གྷི་རེ་ཊ་ལགས་ནས་ཁོང་ཚོས་༸གོང་ས་མཆོག་ལ་དེ་རིང་མཇལ་ཁ་ཞུས་ཏེ་ཧ་ཅང་བཟང་ཕྱོགས་ཀྱི་བློ་སྟོབས་སེམས་ཤུགས་བྱུང་བ་མ་ཟད། ཁོང་ཚོས་གོ་སྐབས་གང་ཡོད་ལ་བོད་དོན་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ ཁོང་ཚོ་གྲོས་ཚོགས་འཐུས་མི་ཡིན་པའི་ཆ་ནས་གྲོས་ཚོགས་ནང་གཏམ་བཤད་དང་གྲོས་ཆོད་གཏན་འབེབས་སོགས་གནང་གི་ཡོད་པ་མ་ཟད། སི་ཝེ་ཊན་སྤྱི་ཚོགས་ཀྱི་ནང་དུའང་ཆ་ཤས་ལེན་གྱི་ཡོད་པ་ཧ་ཅང་གལ་ཆེན་ཡིན་པ་དང་། འཛམ་གླིང་གང་སར་འགྲུལ་བཞུད་ཀྱང་བྱེད་ཀྱི་ཡོད་པས་གོ་སྐབས་གང་ཡོད་སར། བོད་དོན་རྒྱབ་སྐྱོར་དང་བོད་ལ་རང་དབང་ཡོང་ཐབས་སུ་ཞབས་འདེགས་འབད་བརྩོན་གནང་གི་ཡིན་ཞེས་འགྲེལ་བརྗོད་གནང་སོང་བའི་ཁར། མི་མང་ལ་གཏམ་བཤད་གནང་སྐབས་ཀྱང་། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་དགག་བྱ་གནང་གི་ཡོད་པ་དང་། བོད་མི་ཚོར་སོ་སོའི་ཆོས་རིག་གོམས་གཤིས་ཉམས་ལེན་དང་རང་དབང་འཐབ་རྩོད་ཀྱི་ཐོབ་ཐང་ཡོད་པ་སོགས་གསལ་སྟོན་གནང་གི་འདུག་ཅིང་།

སི་ཝི་ཊན་གྲོས་ཚོགས་འཐུས་མི་ཚོས་ཕྱི་དྲོ་གསར་འགོད་ལྷན་ཚོགས་ཤིག་ཀྱང་གནང་ཡོད་པ་དང་། འདི་ལོ་རྒྱ་གར་ཧི་མ་ཅལ་མངའ་སྡེར་ཆར་ཞོད་དང་ས་རུད་སོགས་ཀྱིས་ཡུལ་མིའི་རྒྱུ་ནོར་ལ་གོད་ཆག་དང་། མི་མང་པོའི་ཚེ་སྲོག་ཤོར་བའི་གནས་སྟངས་ལ་བརྟེན་ནས་མང་གཙོའི་དུས་དྲན་སྟེང་གཞས་སྣ་ཞབས་བྲོ་འཁྲབ་སྟོན་གནང་མེད་པར་ཡུལ་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས།བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚང་མའི་ཉིན་གཅིག་གི་གླ་ཆ་རྒྱས་བཅད་ཞལ་འདེབས་གནང་གཏན་ཁེལ་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎