གཞིས་ཆགས་ཁག་ཏུ་འཚོ་བའི་རྒྱབ་རྟེན་ཆེད་སོ་ནམ་ལས་གཞི་ནི་གལ་འགངས་ཅན་ཞིག་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་པ།

2025.02.20
གཞིས་ཆགས་ཁག་ཏུ་འཚོ་བའི་རྒྱབ་རྟེན་ཆེད་སོ་ནམ་ལས་གཞི་ནི་གལ་འགངས་ཅན་ཞིག་ཡིན་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་པ། སོ་ནམ་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་སྐབས། ༢༠༢༥།༠༢།༢༠ ཉིན།
RFA/ Pema Ngodup

ཟླ་བ་འདིའི་ཚེས་ ༢༠ ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གཞིས་ཁུངས་སུ་ཡོད་པའི་ནང་སྲིད་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་ཁང་། རྒྱ་གར་ལྷོ་ཕྱོགས་དང་དབུས་དང་བྱང་ཕྱོགས། བྱང་ཤར་བཅས་ཀྱི་བོད་མིའི་གཞིས་ཆགས་ཁྱོན་ ༡༢ ཀྱི་ས་གནས་འགོ་འཛིན་དང་སོ་ནམ་སློབ་སྟོན་པ་བཅས་ལྷན་བཞུགས་ཀྱིས། བོད་མིའི་གཞིས་ཆགས་ཁག་གི་སོ་ནམ་ལས་གཞི་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་དབུ་བཙུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཆེད་ཕེབས་ཀྱིས། བོད་དོན་འཐབ་རྩོད་མུ་མཐུད་རྒྱུན་གནས་ཐུབ་པར་གཞིས་ཆགས་སྲ་བརྟན་དགོས་གལ་ཆེ་ཞིང་། གཞིས་ཆགས་དེ་དག་སྲ་བརྟན་ཡོང་བར་གནས་སྡོད་མི་རྣམས་ཀྱི་འཚོ་བའི་རྒྱབ་རྟེན་ཆེད་སོ་ནམ་ལས་གཞི་གཙོ་བོར་གྱུར་བའི་ལས་གཞི་གཞན་སྤེལ་དགོས་པའི་གཞེན་སྐུལ་གནང་ཡོད་པ་རེད།

WhatsApp Image 2025-02-20 at 4.19.12 PM.jpeg
སོ་ནམ་ཡར་རྒྱས་གཏོང་ཕྱོགས་ཀྱི་ལྷན་ཚོགས་སྐབས། ༢༠༢༥།༠༢།༢༠ ཉིན།
མ་ཟད་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གི་དགོངས་གཞི་དང་མི་མཐུན་པར། དེང་སྐབས་བོད་མིའི་གཞིས་ཆགས་ཁག་ཏུ་མི་མང་གི་འཚོ་རྟེན་གཙོ་བོ་སོ་ནམ་ལས་སྲོལ་ཐོག་སྐྱོན་གནད་དུ་མ་ཞིག་ཡོང་བཞིན་པའི་དཀའ་ངལ་དེ་དག་མ་འོངས་མུ་མཐུད་མི་འཕྲད་པ་དང་། བོད་མིའི་སོ་ནམ་གྱི་སྲིད་བྱུས་དེ་བཞིན་ཁ་ཕྱོགས་གསར་པ་ཞིག་ཏུ་ཁྲིད་ཐབས་སུ་ལྷན་ཚོགས་དེ་བཞིན་གོ་སྒྲིག་གནང་བ་ཞིག་ཡིན་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

རྩ་བའི་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་སུ་འཚོག་བཞིན་པའི་སོ་ནམ་ཡར་རྒྱས་ཀྱི་ལྷན་ཚོགས་དེའི་ཐོག སོ་ནམ་སྲིད་བྱུས་དང་འབྲེལ་བའི་བརྗོད་གཞི་དུ་མའི་ཐོག་ས་ཁུལ་གཞིར་བཟུང་ཚོགས་ཆུང་ཆ་བགོས་ཀྱིས་གོ་བསྡུར་གནང་སྟེ། ཉིན་མཐའ་མར་གྲོས་ཆོད་གཏན་འབེབས་གནང་འཆར་ཡོད་པ་རེད་འདུག་ལ། དེ་སྔ་ཕྱི་ལོ་ ༢༠༢༣ ལོར་བཞུགས་སྒར་དུ་བོད་མིའི་གཞིས་ཆགས་ཁག་གི་སོ་ནམ་སློབ་སྟོན་པའི་ལྷན་ཚོགས་སྐབས། བཀའ་ཤག་གིས་སོ་ནམ་གྱི་ལམ་སྟོན་དང་སྲིད་བྱུས་རྣམས་གཞིས་ཆགས་སྤྱི་ཡིས་ལག་བསྟར་དགོས་པ་ཙམ་ཞིག་མ་ཡིན་པར། ས་གནས་ཀྱི་གནས་བབ་དང་དགོས་མཁོར་གཞིར་བཞག་གིས་སོ་ནམ་ལམ་སྟོན་ཞིག ས་གནས་ཀྱི་སོ་ནམ་ལམ་སྟོན་པས་གཏན་འབེབས་དགོས་པའི་ལམ་སྟོན་གནང་ཡོད་པ་ལྟར། ཐེངས་འདིའི་ལྷན་ཚོགས་སུ་གྲོས་ཆོད་འདིའི་ཐོག་ཐག་གཅོད་བྱུང་རྒྱུའི་རེ་བ་ཡོད་པ། ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གསུངས་ཀྱི་འདུག

གསར་འགོད་པ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎