ཐའེ་ལྦན་དུ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་བགྲོ་གླེང་ཚོགས་འདུ།
2012.04.24
༄༅༎ཕྱི་ཟླ་བཞི་པའི་ཚེས་༢༣ ཉིན་ཐའེ་ལྦན་ནང་དུ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་འདུན་རྣམ་པའི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་སྐོང་ཚོགས་གནང་ཡོད་པ་རེད།
དེ་རིང་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། ན་ནིང་ལོ་མཇུག་ཏུ་ཚོགས་པའི་ཐའེ་ལྦན་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་བླ་སྤྲུལ་དགེ་འདུན་རྣམ་པའི་བགྲོ་གླེང་ལྷན་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ་ལྟར་ཐེངས་གཉིས་པ་དེ་ཐའེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་ཕྱི་ཚེས་༢༣ ཉིན་གྱི་སྔ་དྲོའི་ཕྱག་ཚོད་༡༠ ནས་ལྔ་པ་བར་སྐོང་ཚོགས་གནང་ཡོད་པ་རེད། ཐའེ་ལྦན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གྲོས་གཞི་གསལ་བསྒྲགས་ནང་གསལ་ལྟར། བོད་ཀྱི་ནང་ཆོས་ཐའེ་ལྦན་ནང་ཁྱབ་སྤེལ་གནང་ཕྱོགས་དང༌། ཆོས་བརྒྱུད་ཁག་ནང་ཁུལ་གྱི་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས། དོན་གཅོད་ལས་ཁུངས་དང༌། ཆོས་ཚོགས་ཁག་དབར་འབྲེལ་ལམ་གོང་འཕེལ་གཏོང་ཐབས། ཐའེ་ལྦན་ནང་དུ་བོད་ཀྱི་ནང་ཆོས་ལ་སྐྱོན་འཛུགས་བྱེད་མཁན་དབར་ཁྲིམས་གཏུགས་བྱ་ཕྱོགས་སྐོར། ཚོགས་བཅར་ཡོངས་ཀྱི་དགོངས་འཆར་ཐོག་བགྲོ་གླེང་གནང་རྒྱུའི་དོན་ཚན་ཁག་གསུམ་གྱི་ནང་དོན་ཐོག་ལ་བགྲོ་གླེང་གནང་ཡོད་ཅིང༌། ལྷག་དོན་བགྲོ་གླེང་ཚོགས་འདུའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་བཞིའི་ཆོས་ཚོགས་ཁག་གི་བླ་སྤྲུལ་དང་དགེ་འདུན་རྣམ་པ། ཐའེ་ལྦན་དུ་གནས་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་སོགས་མི་གྲངས་ཉི་ཤུ་ཙམ་མཉམ་ཞུགས་གནང་སྟེ། ཚང་མས་སྤྱི་སྨན་དགོངས་འཆར་ལྷུགས་པོ་གནང་ཡོད་པ་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་མང་མོས་ཐག་གཅོད་བྱུང་བའི་དོན་ཚན་གཅིག་ནི། བོད་ཀྱི་ཆོས་བརྒྱུད་རེས་མེད་ཀྱི་ནང་པའི་ལྟ་གྲུབ་ཐའེ་ལྦན་ནང་དུ་ཁྱབ་སྤེལ་གཏོང་ཐབས་ཀྱི་ཆེད་དུ་དྲ་རྒྱའི་བརྙན་འཕྲིན་ལས་རིམ་ཞིག་གསར་འཛུགས་བྱ་རྒྱུ་དང༌། ལས་གཞི་དེ་འགོ་འཛུགས་རྒྱུར་ཟུར་དུ་གྲ་སྒྲིག་ཚོགས་ཆུང་ཞིག་ཀྱང་བཙུགས་ཟིན་པ་མ་ཟད། ཚོགས་ཆུང་དེའི་ཚོགས་གཙོ་དང་ཚོགས་མི་སོགས་འདེམས་ཐོན་བྱུང་སྟེ་ཁུངས་སོ་སོའི་ལས་འགན་ཆ་བགོས་གནང་བ་ལྟར་རིམ་བཞིན་ལས་དོན་འགོ་འཛུགས་གནང་རྒྱུ་ཡིན་པ་རེད།