བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།

2025.04.25
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས། བཀྲིས་ལྷུན་པོར་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པ། ༢༠༢༥།༠༤།༢༥
Tashi Lhunpo Monastery

ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་འཁྲུངས་སྐར་ཉིན་འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ནས་ཆོས་ཕྱོགས་དང་། ཞུ་གཏུག་ལས་འགུལ་སོགས་ཐབས་དང་རྣམ་པ་འདྲ་མིན་གྱི་སྒོ་ནས་རིན་པོ་ཆེར་རྗེས་དྲན་དང་སྦྲགས། སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད།

ཕྱི་ལོ་ ༢༠༢༥ ཕྱི་ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས་ཉིན། ༸པཎ་ཆེན་རིན་པོ་ཆེ་སྐུ་ཐོག་གོང་མའི་མཛད་འཕྲིན་ལ་རྗེས་དྲན་དང་སྦྲགས། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གང་དུ་བཞུགས་ཡོད་ཀྱང་སྐུ་ཁམས་གསལ་ཐང་ཡིན་པའི་སྨོན་དང་བཅས། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་རྟེན་གཞི་བྱས་པའི་གདན་ས་བཀྲ་ཤིས་ལྷུན་པོར་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ཆེན་པོ་མཆོག་དགུང་གྲངས་ ༣༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

493316745_1143558977813443_7239256903598709850_n.jpg
སྐུ་པར་གདན་ཞུ་གནང་བཞིན་པ།

དེ་ཡང་ཕྱི་ཚེས་ ༢༥ ཉིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་སྔ་དྲོ་ཆོས་ཕྱོགས་ཀྱི་མཛད་རིམ་ཁག་ལེགས་པར་གྲུབ་སྟེ།  ཆུ་ཚོད་ ༩་༤༥ ཐོག་སྔ་རོལ་དང་བཅས་༸པཎ་ཆེན་རིན་པོ་ཆེའི་གཟིམ་ཤག་ནས་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་གྲུབ་བསྟུན། མཛད་སྒོའི་ཐོག་གདན་ས་བཀྲིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེས་གསུང་བཤད་གནང་དོན་ལ། དད་པ་གྲངས་མེད་ཀྱི་སྒོ་ནས་དགའ་སྐྱོ་ཟུང་འབྲེལ་གྱི་འཚམས་འདྲི་ཞུ་བ་དང་ཆབ་ཅིག འཁྲུངས་སྐར་འདི་འཛམ་གླིང་ནང་མི་ཁྲི་ཕྲག་མང་པོས་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་ཞུ་བཞིན་ཡོད་ལ། ད་ལྟ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་པའི་ཡིད་ཆེས་དང་། ཁོང་སྐུ་ཁམས་བདེ་ཞིང་འཁྲུངས་སྐར་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཅེས་དང་། ལོ་ངོ་བརྒྱ་ཕྲག་དུ་མའི་ནང་བོད་མི་རྣམས་ཀྱི་ཁ་རྒྱུན་དུ། གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན་ཞེས་ས་ཁྱབ་རྡོ་ཁྱབ་ཏུ་གྲག་པ་བཞིན། འདས་པའི་བོད་ཀྱི་ལོ་རྒྱུས་ནང་༸རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དང་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཡབ་སྲས་རྣམ་གཉིས་ཕན་ཚུན་བླ་སློབ་རེས་མོས་ཀྱི་ཚུལ་དུ། སྐུ་ཡི་རྣམ་པ་ཕྲེང་བ་རིམ་པར་ཕེབས་ནས། བོད་གངས་ཅན་ཡུལ་གྱི་སྐྱེ་འགྲོའི་ཡུལ་གྱི་མགོན་སྐྱབས་མཛད་ཅིང་བཞུགས་པ་དང་། ལྷག་པར་ཉེ་དུས་ཀྱི་བོད་ཀྱི་ལོ་རྒྱུས་ནང་། ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་བོད་ཀྱི་གནས་སྟངས་སྡུག་ཤོས་ཀྱི་སྐབས་སུ་འཁྲུངས་ཤིང་འཚར་ལོངས་གནང་དགོས་བྱུང་ཡོད་པ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཁོར་དང་བཅས་པ་བཙན་བྱོལ་དུ་ཕེབས་དགོས་བྱུང་རྗེས། ཁོང་གིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཡོངས་རྗོགས་བོད་མི་རིགས་སྲུང་སྐྱོབ་བྱ་རྒྱུའི་ཆེད་བློས་གཏོང་མཛད་ཡོད་པ་རེད་ཅེས་སོགས་གསུངས་སོང་།

དེ་བཞིན་ཁོང་གིས་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན་དོན་ཚན་བཞི་ཅན་གྱི་འབོད་སྐུལ་གསལ་བསྒྲགས་བསྐྱངས་བའི་ནང་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་མི་ཆོག་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ནི་འཁྲུལ་བྲལ་ཡང་སྲིད་ཅིག་ཡིན་པས་བཙན་དབང་གི་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་དང་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་པཎ་ཆེན་རིན་པོ་ཆེ་མྱུར་དུ་གྲོད་བཀྲོལ་ཡོང་ཐབས་སུ་འབོད་སྐུལ་ཞུ་གཏུག་གནང་སྐྱོང་ཡོང་བ། ༸པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཉེས་མེད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་འབོད་སྐུལ་གནང་སོང་།

འཁྲུངས་སྐར་གྱི་མཛད་སྒོ་དང་འབྲེལ་གདན་ས་བཀྲ་ཤིས་ལྷུན་པོའི་ཕྱག་མཛོད་དཀའ་ཆེན་བློ་བཟང་ཚེ་བརྟན་ལགས་ཀྱིས། འདི་ལོར་གདན་ས་བཀྲིས་ལྷུན་པོར་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་སྔར་ལས་རྒྱས་པ་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་ལ་དྭགས་ནང་ཚོགས་ཀྱི་དབུ་སྐྱོང་ཚེ་རིང་རྡོ་རྗེ་ལགས་དང་། སེ་ར་བྱེས་དང་སྨད་གཉིས་ཀྱི་མཁན་རིན་པོ་ཆེ། སྨད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་ཁག་ཅིག ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཁག་ཅིག བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་སོགས་ས་གནས་མི་མང་དང་སློབ་ཕྲུག་བསྡོམས་ཁྱོན་མི་གྲངས་ ༡༢༥༠ ལྷན་འཛོམས་གནང་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

492913369_1143559034480104_7906139162152953932_n.jpg
མཎྚལ་རྟེན་གསུམ་འདེགས་འབུལ་ཞུ་བཞིན་པ།

གཞན་ཡང་དེ་རིང་ཀུན་གཟིགས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་ ༣༦ ཕེབས་པའི་འཁྲུངས་སྐར་ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཆོས་ཕྱོགས་དང་། ཞུ་གཏུག་ལས་འགུལ་སོགས་རྣམ་པ་འདྲ་མིན་གྱི་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་འགྲེམས་སྟོན་ཁང་ནས་ཀྱང་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་བསྟུན། ཕྱི་ཚེས་ ༢༥ ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་བོད་ཀྱི་འགྲེམས་སྟོན་ཁང་གི་ཚོགས་ཁང་དུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་གདན་ཞུས་ཀྱིས་ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་མཛད་རྗེས་དང་། ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་སྐོར་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་གནང་འདུག་ཅིང་། སྐབས་དེར་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་རྒྱ་ནག་གཞུང་གི་དམ་དྲག་ལ་མ་གཟིགས་པར་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་སླར་གསོ་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ཞུ་གཏུག་གནང་སྟེ། བོད་མིའི་བདེ་དོན་སླད་མཛད་པ་བསྐྱངས་ཚུལ་ངོ་སྤྲོད་གནང་སོང་།

WhatsApp Image 2025-04-25 at 17.13.39_dc9a1ddb.jpg
གཙང་ཕྲུག་སྟོབས་ལགས་ནས་གསུང་བཤད་གནང་བཞིན་པ།

དེ་མཚུངས་༸པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་དང་སྟབས་བསྟུན་ཟླ་གྲངས་གཅིག་རིང་བོད་ཀྱི་འགྲེམས་སྟོན་ཁང་དུ་བདུན་ཕྲག་རེའི་རེས་གཟའ་ལྷག་པ་དང་པ་སངས་ནམ་ཡིན་ལ་གཏམ་བཤད་དང་། དངོས་བྱུང་གློག་བརྙན་གཟིགས་འབུལ་ཞུ་རྒྱུའི་ལས་རིམ་བསྒྲིགས་ཡོད་པ་རེད་འདུག

༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་དང་བཅས། བོད་མི་ཚོས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་གཏོང་བཞིན་ཡོད་ནའང་། བློ་ཕམ་པ་ཞིག་ལ་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ནས་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད། དེ་རིང་སྐུའི་འཁྲུངས་སྐར་ཡིན་དུས་རྒྱ་ནག་གཞུང་གིས་འགན་ཡོད་པའི་ཐོག་ནས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གང་བཞུགས་ཡོད་མེད་དང་། སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་ཚང་མ་ཕྱི་གསལ་ནང་གསལ་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསལ་བཤད་བྱ་དགོས་པའི་དུས་ལ་བབ་ཡོད་པ་གསུངས་ཡོད།

གཞི་རྩའི་ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འོས་སྤྲུལ་ས་བོན་དུ་མའི་ནང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་གསལ་བསྒྲགས་མཛད་ཡོད་པ་དང་། ངོས་འཛིན་གསལ་བསྒྲགས་མཛད་རྗེས་ཉིན་གསུམ་པ་སྟེ།  ཕྱི་ལོ་ ༡༩༩༥ ཟླ་ ༥ ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་དང་། ཡབ་ཡུམ་དང་ནང་མི། བྱ་བྲལ་རིན་པོ་ཆེ་བཅས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་པ་ནས་ད་བར་མི་ལོ་ ༣༠ ཧྲིལ་པོ་ཕྱིན་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་དབུས་ནང་མི་དང་སྐུ་འཁོར་བཅས་བདེ་ཐང་ཡིན་མིན་དང་། གང་དུ་ཡོད་མེད་སོགས་ཀྱི་སྐོར་འདྲི་རྩད་གནང་ཡོད་ཀྱང་ད་བར་རྒྱ་ནག་གཞུང་གིས་ལན་འདེབས་ཁ་གསལ་བརྒྱབ་མེད་པ་རེད། །

གསར་འགོད་པ། བསྟན་འཛིན་ནོར་འཛོམས། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎