བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང༌།
2011.03.29
༄༅༎ཕྱི་ཟླ་གསུམ་པའི་ཚེས་༢༨རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་གཞུང་གི་བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ཀྱི་སྐུ་ཚབ་འཐུས་མི་ལས་གྲུབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དངོས་སུ་བཙུགས་གནང་ཡོད་པ་རེད།
ད་རེས་བོད་མི་དམངས་སྤྱི་འཐུས་སྐབས་བཅུ་བཞི་པའི་ཚོགས་དུས་༡༡ ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ནས་བགྲེས་ཡོལ་དུ་ཕེབས་རྒྱུའི་གསུང་འཕྲིན་ཐོག་བཀའ་བསྡུར་ཞིབ་ནན་གནང་བའི་མཐར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་གསལ་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དབང་དང་འབྲེལ་བའི་གནད་དོན་ཐོག་བཀའ་ཤག་དང་སྤྱི་འཐུས་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་འཛུགས་རྒྱུ་དང༌། མི་རིང་བར་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་སྐོང་ཚོགས་གནང་རྒྱུའི་མང་མོས་གྲོས་ཆོད་བཞག་གནང་ཡོད་པ་རེད། གྲོས་ཆོད་དེའི་ནང་དུ་འཁོད་པའི་དོན་ཚན་དང་པོ་དེར། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སུ་གནང་བའི་གསུང་འཕྲིན་དང་བཀའ་སློབ་ཀྱི་དགོངས་དོན་ཉམས་ལེན་ཞུ་རྒྱུར་བཀའ་སྤྱི་གཉིས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ཞིག་བསྐོ་འཛུགས་གནང་རྒྱུའི་ཐག་གཅོད་བྱུང་བ་བཞིན། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དང༌། ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་ལགས། བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་ཟུར་པ་པད་མ་འབྱུང་གནས་ལགས་བཅས་ལས་གྲུབ་པའི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་དངོས་སུ་བཙུགས་པ་དང༌། ཟིན་བྲིས་ཚོགས་ཆུང་དེའི་ཕྱག་ལས་གཙོ་བོ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་གྱི་ནང་དོན་ཐོག་བཀའ་བློན་ཁྲི་པ་དང༌། བོད་མི་དམངས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་སོགས་འཐུས་མི་གསུམ་ལས་གྲུབ་པའི་ལས་འཆར་ཚོགས་ཆུང་གིས་བཏོན་པའི་རྒྱབ་གཉེར་སྙན་ཐོ་དང༌། དེ་བཞིན་གྲོས་ཚོགས་ཚོགས་དུས་༡༡ཐོག་སྤྱི་འཐུས་རྣམ་པའི་དགོངས་ཚུལ་བགྲོ་གླེང་བྱུང་བའི་ནང་དོན་རྣམས་རྨང་གཞིར་བཞག་ཏེ། ཁྲིམས་ལུགས་མཁས་དབང་ཁག་ལ་གོ་བསྡུར་དངབགྲོ་གླེང་གནང་རྒྱུ་དང༌། གཞན་ཡང ལས་དོན་གྱི་ཟིན་བྲིས་འགོད་རྒྱུ། ཚོགས་ཆུང་གི་སྙན་ཐོ་༢༠༡༡ལོའི་ཕྱི་ཟླ་བཞི་པའི་ཚེས་༡༡ནང་ཚུད་ཚོགས་དྲུང་ལས་ཁུངས་སུ་འབུལ་ལམ་ཞུ་ཐུབ་པ་དགོས་ཀྱི་ཡོད་པ་རེད།