བོད་མི་གཙོས་ལས་འགུལ་བ་ཚོས་ཨ་རིའི་ཚན་རྩལ་ཁེ་གཉེར་ཁང་ལ་ཞུ་གཏུག་ལས་འགུལ་སྤེལ་ཤུགས་ཆེ་རུ་བཏང་འདུག

སྤྱི་ཟླ་དང་པོའི་ཚེས་༡༧ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་བཅས་ཀྱིས་གོ་སྒྲིག་འོག རྒྱ་ནག་གཞུང་གིས་བོད་ས་ཁྱོན་ཡོངས་སུ་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་ཀྱི་ཡོད་པའི་ཁྲོད། ཐ་ན་ཕྲུ་གུ་ལོ་༥ལ་སོན་པ་ཚོ་རང་ཉིད་ཀྱི་ཕ་མའི་བཀའ་འཁྲོལ་མེད་པར་(DNA)་བསྡུ་ལེན་གནང་གི་ཡོད་པ་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རྡོལ་བཏང་བ་དང་གཅིག་མཚུངས་ཡིན་པ་བསྒྲགས་འདུག་པ་དང་། བོད་ནང་བོད་མི་ཚོའི་ཁྲག་རིགས་རྒྱུད་རྫས་བསྡུ་ལེན་བྱེད་སའི་ཡོ་ཆས་ནི་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་མཁོ་ཚོང་བྱེད་ཀྱི་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གྱི་བསྒྲགས་གཏམ་སྤེལ་འདུག་པ་མ་ཟད། ད་བར་བོད་མི་ས་ཡ་གཅིག་ལྷག་གི་ཁྲག་རིགས་རྒྱུད་རྫས་མཁོ་སྒྲུབ་བྱས་ཡོད་པ་གསལ་སྟོན་གནང་འདུག
སྐབས་དེར་གོང་ཞུས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་གོ་སྒྲིག་གནང་བའི་དྲ་ཐོག་གསར་འགོད་གསལ་བསྒྲགས་ཐོག ཨ་རིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་དབྱངས་འཛོམས་ལགས་ཀྱིས། ང་ཚོའི་ངོས་ནས་ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་བྱེད་སའི་ཡོ་ཆས་མཁོ་ཚོང་བྱེད་ཀྱི་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་དང་། ཚན་རྩལ་ཁེ་གཉེར་ཁང་དེས་རྒྱ་ནག་དང་མཉམ་དུ་བཞག་པའི་གན་རྒྱ་ཕྱིར་འཐེན་གནང་དགོས་པའི་ལས་འགུལ་དེ་འགོ་འཛུགས་བྱས་ཏེ་ད་བར་ཟླ་བ་གཉིས་ལྷག་འགྲོ་མུས་ཡིན་པ་དང་། (Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་དང་ང་ཚོའི་བར་ད་བར་ཐེངས་བཞི་ཙམ་གོ་བསྡུར་བྱུང་ཡོད་ཀྱང་། ཁོང་ཚོས་འདོད་བློ་ཁེངས་པའི་ལན་འདེབས་ཤིག་ད་བར་གནང་ཐུབ་མེད་པར་བརྟེན། ང་ཚོས་ཞུ་གཏུག་ལས་འགུལ་འདི་སྤེལ་ཤུགས་ཆེ་རུ་བཏང་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་མུས་ཡིན་ཞེས་བརྗོད་འདུག
ཡང་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཨ་རིའི་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གིས་ཚོང་བསྒྱུར་གྱི་ཡོ་ཆས་རྣམས་ཤིན་ཅང་ཡུ་གུར་མི་རིགས་ཚོའི་རིགས་རྫས་བསྡུ་རུབ་ཀྱིས། ཡུ་གུར་བ་ཚོ་འཛིན་བཟུང་དང་ལྟ་ཞིབ་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་ཐོན་ཡོད་སྟབས། བོད་རང་སྐྱོང་ལྗོངས་སུའང་ཁྲག་རིགས་རྒྱུད་རྫས་བརྟག་དཔྱད་ཀྱི་ཡོ་ཆས་དེ་བེད་སྤྱོད་ཐོག་བསྐྱར་ཞིབ་གཟབ་ནན་བྱ་དགོས་པ་ཚད་རྩལ་ཁེ་གཉེར་ཁང་དེ་ཉིད་ཀྱི་གཙོ་འཛིན་ལ་དེ་སྔོན་སྤྱི་ཟླ་༡༢་ཚེས་༡༥ཉིན་ཡིག་ཐོག་ནས་དྲི་བ་བཏང་ཡོད་པ་རེད།
ཡང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས། བོད་ཆབ་མདོ་ཁུལ་དུ་བོད་མི་གནས་ཡུལ་ས་ཁུལ་༦༦ཙམ་གྱི་ནང་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་ལེན་གྱི་ལས་གཞི་དེ་བརྩམས་ཟིན་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ལས་གཞི་དེ་སྤྱི་ཚོགས་བདེ་འཇགས་ཆེད་དུ་ཡིན་པ་བརྗོད་ཀྱི་ཡོད་ནའང་། དོན་དངོས་ཐོག་དེའི་བརྒྱུད་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་དང་ལྟ་བཤེར་བྱེད་རྒྱུ་དེ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་དེ་སྔོན་༢༠༢༢ལོའི་སྤྱི་ཟླ་༡༠པའི་ནང་། ཁེ་ཎ་ཌར་རྟེན་གཞི་བྱས་པའི་(Citizen Lab)་ཉམས་ཞིབ་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་མི་འབོར་བརྒྱ་ཆ་གསུམ་ཆ་གཅིག་ཙམ་གྱི་(DNA)་བླངས་ཟིན་ཡོད་པ་གསལ་སྟོན་བྱས་འདུག
ཡང་རིང་མིན་སྤྱི་ཟླ་༡པོའི་ཚེས་༣༠ནས་སྤྱི་ཟླ་༢པའི་ཚེས་༥བར་བདུན་ཕྲག་གཅིག་གི་རིང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་སོགས་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་(Thermo Fisher)་ཚན་རྩལ་ཁེ་གཉེར་ཁང་གི་གནད་དོན་དང་འབྲེལ་ནས་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག
གཞན་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་མངའ་ཁུལ་གྱི་འགན་འཛིན་(Elaine Pearson)་ལགས་ཀྱིས། དེ་སྔོན་སྤྱི་ཟླ་༡ཚེས་༡༢ཉིན་ཧིན་རྡུ་ནི་ཤེ་ཡར་གསར་འགོད་ལྷན་ཚོགས་ཞིག་གི་ཐོག བཙན་དབང་གིས་བོད་མིའི་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་ཀྱི་སྲིད་ཇུས་ལག་ལེན་བསྟར་བཞིན་པ་དེ། ཤིན་ཅང་དུའང་ཡོང་གི་ཡོད་པས། བོད་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་དགོས་ན། རྒྱལ་སྤྱིའི་སྲིད་གཞུང་མང་པོ་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་གདོང་ལེན་དང་གནོན་ཤུགས་སྤྲོད་དགོས་པ་བརྗོད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།