བོད་མིའི་འོས་བསྡུ་ཐད་བསམ་འཆར་དང་དེར་གསལ་བཤད་གནང་བ།
2015.10.27
བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བོད་མིའི་འོས་བསྡུ་ཐད་བཏོན་པའི་བསམ་འཆར་ལ་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད་གནང་འདུག
དེའང་ཟླ་༡༠་ཚེས་༢༧་ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་དང་། དེ་འབྲེལ་གྱི་ལམ་སྟོན་ལག་ལེན་བསྟར་ཕྱོགས་ལ་བཏོན་པའི་བསམ་འཆར་ལ་དབུས་འོས་བསྡུ་ལས་ཁང་ནས་གསལ་བཤད་གནང་ཡོད་པ་དང་། དབུས་འོས་བསྡུ་ལྷན་ཁང་གི་གསལ་བཤད་དེའི་ནང་འཁོད་པར། བོད་དོན་རྒྱབ་སྐྱོར་བ་རྣམ་པས་ཐོག་མཐའ་བར་གསུམ་དུ་བོད་མིའི་རྩ་དོན་ཐད་འགན་ཁུར་ཞུས་དང་ཞུ་མུས་ལ་སྙིང་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཀྱང་ད་ལམ་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གི་མཚན་ཐོག་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་སྒྲིག་གཞི་དང་དེ་འབྲེལ་ལམ་སྟོན་ལག་ལེན་བསྟར་ཕྱོགས་ཚུལ་བཞིན་མིན་པའི་བསམ་འཆར་བཏོན་པའི་གསལ་བཤད་མདོ་ཙམ་ཞུས་ན། འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་འོས་བསྡུའི་སྒྲིག་གཞི་དང་། ལྷག་པར་འོས་སྒྲིག་དོན་ཚན་༢༤ནང་གསེས་ཁག་གི་འབྲུ་དོན་གསལ་བཀྲོལ་གྱིས་ལམ་སྟོན་ཕྱི་གསལ་ནང་གསལ་བྱས་ཡོད་པ་མ་ཟད། དོན་ཚན་དེའི་ནང་གསེས་དགུ་པའི་ནང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ནམ་ཡིན་ལ་དབུས་འོས་བསྡུ་ལས་ཁང་ནས་འོས་གཞིར་ཞུགས་མི་དང་། དེའི་རྒྱབ་སྐྱོར་བས་འོས་བསྡུ་དང་འབྲེལ་བའི་དྲིལ་བསྒྲགས་ཀྱི་འགྲོ་གྲོན་ཚད་གཞི་གཏན་འབེབས་དང་། རྩིས་ཁྲ་འབུལ་ཕྱོགས། དྲིལ་བསྒྲགས་བྱེད་ཕྱོགས་བཅས་ཀྱི་ལམ་སྟོན་ཁ་གསལ་བྱེད་དགོས་ཞེས་འབྲུ་དོན་འོག་ལམ་སྟོན་གནང་བ་དེས་སྨྲ་བརྗོད་དང་དྲིལ་བསྒྲགས། འདུ་འཛོམས་དང་ཁྱབ་བསྒྲགས་སོགས་གང་གི་རང་དབང་འཕྲོག་མེད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་དོན་ཚན་གང་ལ་ཡང་མི་མཐུན་པ་ཆགས་མེད།
འདི་ག་འོས་བསྡུ་ལས་ཁང་ལ་ཚོགས་པ་ངོས་ལེན་བྱེད་ཆོག་པའི་འགན་དབང་ཞིག་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་གང་ལ་མེད་པར་བརྟེན། བཀའ་སྤྱི་གཉིས་ཀྱིས་དེ་སྔ་ནས་ངོས་ལེན་གནང་ཟིན་པའི་ཚོགས་པ་བཅུ་གཅིག་པུའི་སྒྲིག་འཛུགས་ཀྱི་ངོེས་ལེན་ཡོད་པར་གཞིར་བཞག་བྱས་པ་ཞིག་ཡིན་པ་ལས་འདི་ནས་གང་དྲན་གྱིས་སྐབས་འཕྲལ་ཐག་གཅོད་བྱས་པ་ཞིག་མིན་པ་མཁྱེན་ཆུབ་ཡོང་བ་ཞེས་བཀོད་གནང་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།