ནིའུ་ཡོག་ཏུ་ཟས་བཅད་ངོ་རྒོལ་མཇུག་སྒྲིལ་གནང་བ།
2012.03.23
༄༅༎ཕྱི་ཟླ་གསུམ་པའི་ཚེས་༢༢ རེས་གཟའ་ཕུར་བུའི་ཉིན་གུང་གི་ཨ་རིའི་ཚོུད་༣ པ་ཙམ་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སྦན་ཀི་མུན་མཆོག་གི་སྐུ་ཚབ་དང། རྒྱལ་ཚོགས་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་སློབ་སྟོན་གནང་མཁན་རྣམ་གཉིས་ཆེད་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་ཕེབས་ཏེ། ཟས་བཅད་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཉིས་དང་མཇལ་འཕྲད་གནང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་ནས་ཟས་བཅད་ངོ་རྒོལ་གནང་མཁན་ཚོའི་རེ་འདུན་ཁག་ལ་གཟིགས་རྟོགས་གནང་རྒྱུ་ཡིན་ཞེས་གསུངས་པ་དང༌། སྐུ་ཚབ་རྣམ་གཉིས་ནས་ཟས་བཅད་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཤིང་བཟའ་རིན་པོ་ཆེ་དང་ཡེ་ཤིས་བསྟན་འཛིན་ལགས་གཉིས་ལ་ཤིང་ཏོག་གི་ཁུ་བ་ཕུལ་བ་དེ་མཆོད་དེ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཟླ་བ་གཅིག་ཕྱིན་པའི་ཉིན་དེར་མཇུག་སྒྲིལ་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། རྒྱལ་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་ཆེད་དུ་ཟས་བཅད་ངོ་རྒོལ་གནང་ཡུལ་གཟིགས་རྟོགས་གནང་བར་ཕེབས་ཏེ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གཉིས་དང་མཇལ་འཕྲད་གནང་བ་དེ་ནི། བོད་མིའི་རྒྱལ་ཁ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་ཨ་རིའི་གྲོང་ཁྱེར་ནེའི་ཡོག་གི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དེ་ནི། ཕྱི་ཟླ་གཉིས་པའི་ཚེས་༢༢ བོད་ཆུ་འབྲུག་ལོའི་ལོ་གསར་ཚེས་གཅིག་ནས་འགོ་བཙུགས་པ་དང༌། ལས་འགུལ་ནང་དུ་མཉམ་ཞུགས་གནང་མཁན་ཤིང་བཟའ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་པོ་ལགས། ཡེ་ཤིས་བསྟན་འཛིན་ལགས་བཅས་གསུམ་ཡོད་པའི་ནང་ནས་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་གྲངས་༢༧ ཕྱིན་པའི་ཉིན་རྡོ་རྗེ་རྒྱལ་པོ་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་པའི་རྐྱེན་གྱིས་ཉིའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་པ་དང་ཛ་དྲག་སྨན་བཅོས་རུ་ཁག་མཉམ་རུབ་ཀྱི་སྨན་ཁང་དུ་ཁྲིད་ཡོད་ཀྱང་ཁོང་གིས་སྨན་ཁང་དུ་ཟས་བཅད་ངོ་རྒོལ་མུ་མཐུད་གནང་གི་ཡིན་ཞེས་གསུངས་པ་ལྟར་ཞལ་ལག་རྩ་བ་ནས་མཆོད་མེད་ཅིང༌། ཁ་ས་ཕྱི་ཚེས་༢༢ ཉིན་ཤིང་བཟའ་རིན་པོ་ཆེ་དང་ཡེ་ཤིས་བསྟན་འཛིན་ལགས་གཉིས་གྲོང་ཁྱེར་ནེའུ་ཡོག་གི་ཉེན་རྟོག་པ་དང་མྱུར་སྐྱོབ་སྨན་བཅོས་རུ་ཁག་གིས་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་ཁྲིད་ཡོད་པ་རེད།།