སྤྱི་འཐུས་ལྷན་ཚོགས་ནས་གཞུང་འབྲེལ་མྱ་ངན་གནང་འཆར།
2009.09.12
༄༅༎བཞུགས་སྒར་རྡ་རམ་ས་ལར་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་ཕྱི་ཟླ་དགུ་པའི་ཚེས་བདུན་ཉིན་དབུ་འཛུགས་གནང་ཡོད་པ་ལྟར་ཉེ་ལམ་སྐུ་ཚེའི་འཕེན་པ་རྫོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེ་དྲི་ལྦ་ཌི་ཀེ་ན་ཌི་མཆོག་དང་རྒྱ་གར་ལྷོ་ཕྱོགས་ཨན་རྡར་པཱར་རྡེཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡེ་དྲུ་གུ་རུ་སཱན་རྡིན་ཏི་ར་ཇ་སེ་ཁ་ར་རེ་ཌི་དང་བཙན་བྱོལ་བོད་མིའི་སྤྱི་ཟུར་དགོན་ཤར་བཀྲིས་དབང་འདུས་ལགས་བཅས་ལ་དྲན་གསོ་ཞུ་ཕྱིར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་གསུམ་བཞག་གནང་འདུག
སྤྱི་ཟུར་དགོན་ཤར་བཀྲིས་དབང་འདུས་ལགས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཕྱི་ཟླ་ལྔ་པའི་ཚེས་གསུམ་ཉིན་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་ལྟར་སྤྱི་འཐུས་ལྷན་ཚོགས་ནས་སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་དམ་པ་དེ་ཉིན་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་གོ་འཕང་མངོན་འགྱུར་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ལྟོས་བཅས་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་བའི་གྲོས་ཆོད་བཞག་གནང་འདུག
དེ་བཞིན་ཉིས་སྟོང་དགུ་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ལྔ་ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཨེ་དྲི་ལྦ་ཌི་ཀེ་ན་ཌིའི་མཛད་རྗེས་ལ་གཞིས་བྱེད་བོད་མིའི་ངོ་ཚབ་མཚོན་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ཡི་རངས་བསྔགས་བརྗོད་དང་འབྲེལ་དམ་པ་གང་གི་བཀའ་འདྲི་ནམ་ཡང་བརྗེད་མེད་སྙིང་བཅངས་ཐོག་རྗེས་ཤུལ་ནང་ཞུགས་སྐུ་འཁོར་ཚང་མར་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུའི་གྲོས་ཆོད་བཞག་གནང་འདུག
དེ་ནས་ཉེ་དུས་ཟླ་བ་དགུ་པའི་ཚེས་གཉིས་ཉིན་གནམ་གྲུ་རྡབ་སྐྱོན་ཤོར་ནས་གློ་བུར་དུས་མིན་སྐུ་ཚེའི་འཕེན་པ་རྫོགས་པའི་རྒྱ་གར་ལྷོ་ཕྱོགས་ཨན་རྡར་པཱར་རྡེཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རཱ་ཇ་སེ་ཁ་ར་རེ་ཌི་ལ་མྱ་ངན་གུས་བསྟུད་དང་འབྲེལ་ཁོང་གི་བཀའ་དྲིན་བརྗེད་མེད་སྙིང་བཅངས་ཞུས་པའི་ཐོག་ནས་ནང་མི་སྐུ་འཁོར་ཚང་མར་ཐུགས་གསོའི་འཚམས་འཕྲིན་འབུལ་རྒྱུའི་གྲོས་ཆོད་ཅིག་ཀྱང་བཞག་གནང་འདུག།